མཚོ་ལྷོའི་དབྱུག་གྲུག་རུ་ཁག་གིས་རྒྱལ་ཡོངས་འགྲན་བསྡུར་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ།
རང་ཚགས་པར་གྱི་འཕྲིན། ཟླ4པའི་ཚེས30ཉིན་ནས་ཟླ5པའི་ཚེས6ཉིན་བར། ཀོས་ཀྲིག་ཞིང་ཆེན་དུ་བསྡུས་པའི2026ལོའི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་དབྱུག་གྲུག་འགྲན་བསྡུར་གྱིU18ཚོ་ཆུང་ངམ་རྒྱལ་ཡོངས་སློབ་འབྲིང་སློབ་མའི་དབྱུག་གྲུག་འགྲན་བསྡུར་སྟེང་། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་དབྱུག་གྲུག་རུ་ཁག་གིས་མཚོ་སྔོན་ཞིང་ཆེན་གྱི་ཚབ་བྱས་ཏེ་འགྲན་བསྡུར་ལ་ཞུགས་ཤིང་། འགྲན་ཞུགས་རུ་མི་ཚོས་ཞུམ་མེད་ཀྱི་སྙིང་སྟོབས་དང་ཕུལ་བྱུང་གི་ནུས་རྩལ་མངོན་ནས། ཕུལ་བྱུང་ཚོ་ཆུང་ཁྲོད་ཨང་གཉིས་པའི་གཟེངས་རྟགས་ཐོབ་པ་དང་། མཚོ་སྔོན་ཞིང་ཆེན་གྱི་དབྱུག་གྲུག་ལས་གཞིའི་རྒྱལ་ཡོངས་འགྲན་སྡུར་ཁྲོད་བླངས་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་ལེགས་ཤོས་ཞིག་ཡིན་པར་མ་ཟད། མཚོ་སྔོན་གྱི་གཞོན་ནུ་ལོ་ཆུང་གི་དབྱུག་གྲུག་ལུས་རྩལ་ཐད་ཀྱི་སྔོན་ཆད་བྱུང་མ་མྱོང་བའི་གྲུབ་འབྲས་ལེགས་ཤོས་ཞིག་ཏུའང་གྱུར་བ་རེད།

ཐེངས་འདིའི་འགྲན་བསྡུར་སྟེང་རྒྱལ་ཡོངས་ཀྱི་རྩེ་གྲས་རུ་ཁག16ཞུགས་ཤིང་། འགྲན་བསྡུར་གྱི་ཆུ་ཚད་མཐོ་ཞིང་འགྲན་རྩོད་ཧ་ཅང་ཛ་དྲག་ལྡན་པ་ཞིག་རེད།མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་དབྱུག་གྲུག་རུ་ཁག་དེ་ནུབ་བྱང་གི་ཞིང་ཆེན་ལྔའི་ཁྲོད་ཐེངས་འདིའི་འགྲན་བསྡུར་ཁྲོད་ཚུད་པའི་རུ་ཁག་གཅིག་པུ་ཡིན་ལ། རུ་མི་ཚང་མ་མཚོ་ལྷོའི་ས་གནས་ཀྱི་སློབ་མ་རྐྱང་རྐྱང་རེད།
མཐོ་སྒང་ནས་ཡོང་བའི་གཞོན་ནུ་འདི་དག་ནུས་རྩལ་སྟོབས་པའི་འགྲན་ཡ་ཚོ་དང་འཕྲད་དུས་ཁོ་ཚོའི་ངར་ཤུགས་ལ་ཞུམ་པ་མེད་པ་དང་།འགྲན་རར་སེམས་ལྷོད་ལ་བབས་ཏེ་འགྲན་བསྡུར་ལ་གདོང་གཏད་ཅིང་། ཕན་ཚུན་རམ་འདེགས་བཟང་པོ་བྱེད་པ།དབྱུག་གྲུག་འཕེན་སྐབས་མྱུར་རྩལ་ལྡན་ཞིང་འཛིན་སྐབས་བྱང་ཆ་ལྡན་པས། ཁོ་ཚོའི་ལུས་ཀྱི་འགུལ་སྟངས་རེ་རེ་ལས་ཆེས་བཟང་པོའི་དབྱུག་གྲུག་གི་ནུས་རྩལ་དང་མཐུན་སྒྲིལ་གྱི་ལག་རྡང་གཅིག་ཏུ་སྒྲིལ་བའི་འབད་འཐབ་ཀྱི་སྙིང་སྟོབས་མངོན་པར་བྱས།
འགྲན་བསྡུར་ཁྲོད། རུ་མི་ཚོས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་རྔུལ་ཆུའི་ཐིགས་པ་རེ་རེ་འགྲན་ར་དེར་གཏོར་ནས། མཐར་ཨང་གཉིས་པའི་གཟེངས་རྟགས་བླངས་ཏེ། རྒྱལ་ཡོངས་ཀྱི་གར་སྟེགས་སྟེང་འོད་མདངས་འཚེར་བར་བྱས་སོང་།
དབྱུག་གྲུག་ལས་རྩལ་འདི་སྔག་མོ་ནས་མཐོ་སྒང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཡོད་དེ། 2006ལོར། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་དབྱུག་གྲུག་རུ་ཁག་ཐོག་མ་དེ་བཙུགས་ནས། མཚོ་སྔོན་གྱི་དབྱུག་གྲུག་ལས་དོན་འཕེལ་རྒྱས་ཀྱི་ལམ་ཁ་ངང་གིས་ཕྱེས་པ་རེད། ལོ་ངོ་ཉི་ཤུའི་རིང་གི་འབད་བརྩོན་བརྒྱུད། ད་ལྟ་མཚོ་ལྷོ་ཁུལ་དུ་དབྱུག་གྲུག་རུ་ཁག7དང་ལུས་རྩལ་པ890ལྷག་ཡོད་ལ། གཞོན་ནུ་ལོ་ཆུང་གི་དབྱུག་གྲུག་ལུས་རྩལ་འདི་ས་གནས་དེ་གའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པའི་ལུས་རྩལ་རིག་གནས་ཀྱི་རྣམ་གྲངས་ཤིག་ཏུ་གྱུར་ཡོད་ཅིང་། མཐོ་སྒང་གི་ན་གཞོན་མང་པོ་ཞིག་དབྱུག་གྲུག་ལུས་རྩལ་གྱི་དགའ་ཕྱོགས་ལ་བརྟེན་ནས་ལང་ཚོར་གསོན་ཤུགས་རབ་ཏུ་རྒྱས་བཞིན་ཡོད་པ་རེད། །