ཕཱ་ཁི་སི་ཐན་གྱི་ཙུང་ལི་ཡིས་ཨ་མེ་རི་ཁ་དང་དབྱི་ལིང་གི་གྲོས་མོལ་དེ་མི་འགྱངས་པར་ཡུན་རིང་གི་ཞི་བདེ་རུ་བསྒྱུར་ཐུབ་པའི་ཚུལ་བསྟན།
ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་ཡིས་ཚེས6ཉིན་བསྟན་དོན། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་དབྱི་ལིང་གིས་གནས་སྐབས་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་སྟེ་དབྱི་སི་ལན་པའོ་གྲོས་མོལ་གཙོ་སྒྲུབ་བྱེད་རྒྱུ་ཡིན། གྲོས་མོལ་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་ཤིག་ཡིན་པ་དང་། ཨ་མེ་རི་ཁ་དང་དབྱི་ལིང་གི་གྲོས་མོལ་དེ་མི་འགྱངས་པར་ཡུན་རིང་གི་ཞི་བདེ་རུ་བསྒྱུར་ཐུབ་པར་ཡིད་ཆེས་ཡོད་ཟེར།
ཞཱ་པཱ་ཙི་ཡིས་ཉིན་དེར་ཕཱ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལན་པའོ་ནས་གྲོས་ཚོགས་ཤིག་ལ་ཞུགས་སྐབས་བཤད་རྒྱུར། ཕཱ་ཁི་སི་ཐན་གྱིས་མུ་མཐུད་དུ་ཕྱི་འབྲེལ་ལ་བརྟེན་ནས་འཁྲུག་རྩོད་མཇུག་སྒྲིལ་བར་བྱེད་པ་དང་། ས་ཁུལ་གྱི་ཞི་བདེ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ལ། འཐབ་འཁྲུག་དང་ཟང་ཟིང་ནི་ས་ཁུལ་དེའི་རྒྱལ་ཁབ་གང་རུང་གི་ཁེ་ཕན་དང་ཡང་མི་འཚམ་ཟེར།
ཁོས་ད་རུང་བསྟན་དོན། ཨ་མེ་རི་ཁ་དང་དབྱི་ལིང་ཕྱོགས་གཉིས་ཀྱི་འབྲེལ་འདྲིས་ཐབས་ལམ་ནམ་རྒྱུན་བཀག་མེད་ཡོང་བ་སྲུང་འཛིན་དང་། ཀྲུང་གོ་དང་སོ་ཏི་ཨ་རབ། ཐུར་ཁེ་བཅས་ཀྱིས་འདུམ་འགྲིག་ལ་སྐུལ་འདེད་བཏང་སྟེ་གནས་བབ་ཞི་འཇགས་སུ་གཏོང་བ། གྲོས་མོལ་ལ་ཡར་སྐུལ་བྱེད་པ་བཅས་ཀྱི་ཐད་འཛུགས་སྐྲུན་རང་བཞིན་ལྡན་པའི་ནུས་པ་བཏོན་པར་གཟེངས་བསྟོད་བྱས།
ཕཱ་ཁི་སི་ཐན་གྱི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ཏཱ་ཨར་གྱིས་ཉིན་དེར་ཚོགས་ཐོག་ནས་བསྟན་དོན། དབྱི་ལིང་གིས་ཨ་མེ་རི་ཁའི་བར་གྱི་ཐད་ཀར་གྲོས་མོལ་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཕཱ་ཁི་སི་ཐན་གྱི་ད་ལྟའི་འབད་བརྩོན་ཁ་ཕྱོགས་ནི་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་ཏུ་འཇུག་རྒྱུ་དེ་ཡིན་ཟེར།