ལི་ཧུང་ཀྲུང་གིས་པེ་ཅིན་དུ་རྟོག་ཞིབ་གནང་བ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་གིས་པེ་ཅིན་དུ་རྟོག་ཞིབ་བྱས། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དང“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་རྩ་གནད་དོན་འཁྱོལ་ནན་ཏན་བཅས་བྱས་ནས། དམངས་འཐུས་ཚོགས་ཆེན་གྱི་འགན་འཁྲི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པོ་ཞུ་དགོས།
ལི་ཧུང་ཀྲུང་གིས་ཀྲུང་གོ་ངར་ལྕགས་ཞིབ་འཇུག་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི་དང་ཀྲུང་གོ་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་ཚོགས་པ་ཚད་ཡོད་ཀུང་སིར་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་། ལག་རྩལ་གསར་གཏོད། ཐོན་ལས་རིམ་སྤོར་འཕེལ་རྒྱས་བཅས་ཀྱི་ལས་དོན་ལ་རྟོག་ཞིབ་བྱས། ལི་ཧུང་ཀྲུང་གིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ལྕག་དང་རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད། དམངས་འཐུས་ཚོགས་ཆེན་གྱིས“གཡོ་འགུལ་སྤུ་ཙམ་ཡང་མེད་པ་གཉིས”ཀྱི་བླང་བྱ་ལག་བསྟར་མཐའ་འཁྱོངས་དང་དོན་འཁྱོལ་བྱས་ཏེ། གཞུང་དབང་ཁེ་ལས་རིགས་དབྱེ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་ཞབས་འདེགས་ཞུ་བ་དང་། གཞུང་དབང་རྒྱུ་ནོར་གྱི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བ། གཞུང་དབང་ཁེ་ལས་དང་གཞུང་དབང་མ་རྩ་སྟོབས་ཆེ་དང་སྤུས་ལེགས་སུ་གཏོང་བ། དམངས་གཉེར་དཔལ་འབྱོར་སྐུལ་འདེད་བཅའ་ཁྲིམས་ཀྱི་ཆ་སྡེབ་ཁྲིམས་སྲོལ་དང་སྲིད་ཇུས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། རིགས་སོ་སོའི་བདག་གཉེར་གཙོ་གཞིའི་གསོན་ཤུགས་སྐུལ་སྤེལ་གང་ལེགས་བྱེད་དགོས། ལི་ཧུང་ཀྲུང་གིས་ནན་གྱིས་བསྟན་དོན། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་དང་ཐོན་ལས་མ་ལག་ཁྱོན་ཡོངས་ནས་ཡར་རྒྱས་ཡོང་བ་བྱ་རྒྱུ་ནི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”རིང་གི་འཐབ་ཇུས་ལས་འགན་གལ་ཆེན་ཞིག་རེད། དམངས་འཐུས་ཚོགས་ཆེན་གྱིས་དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱེད་པ་སོགས་ཀྱི་བཀོད་སྒྲིག་གསར་པར་དམིགས་ནས། ལམ་ལུགས་མཁོ་སྤྲོད་དང་ཁྲིམས་སྐྱོང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མིས་བཟོས་རིག་ནུས་དང་། དམའ་དབྱིངས་དཔལ་འབྱོར། སྐྱེ་དངོས་སྨན་རྫས་སོགས་གསར་དར་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཐོན་ལས་གསར་གཏོད་དང་འཕེལ་རྒྱས་ཀྱི་སྐྱེ་ཁམས་འཐུས་ཚང་དུ་གཏོང་བ་དང་སྒུལ་ནུས་གསར་བ་གསོ་སྐྱོང་དང་སྟོབས་ཆེར་གཏོང་དགོས། །