མཐོ་སྒང་གི་ལྗང་མདོག་གློག་ཤུགས་དང་གློག་རྩིས་ལ་བརྟེན་ནས་རང་ཁུལ་གྱི་ཐན་མེད་གཞི་གྲངས་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་།
རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་ཡིན་པའི་ཆ་ནས། མཚོ་ལྷོ་ཁུལ་གྱིས་རང་འགུལ་ངང་རྒྱལ་ཁབ་ཀྱི་ཤར་གྲངས་ནུབ་རྩིས་ཀྱི་འཐབ་ཇུས་རབ་དང་རིམ་པའི་ནང་འདྲེས་པར་བྱས་ཏེ། ཕུན་སུམ་ཚོགས་པའི་ནུས་ཁུངས་གཙང་མ་དང་གྲང་བསིལ་ལྡན་པའི་གནམ་གཤིས་ཀྱི་དགེ་མཚན་ལ་བརྟེན་ནས། ལྗང་མདོག་གི་གློག་རྩིས་ཐོན་ལས་ཤུགས་ཆེན་པོས་དར་སྤེལ་དུ་བཏང་ཞིང་། གཞི་གྲངས་དཔལ་འབྱོར་དང་སྐྱེ་ཁམས་སྲུང་སྐྱོང་མཉམ་འདྲེས་མཉམ་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་ཐུབ་པ་བྱུང་ནས། རི་བོ་གཉིས་ཀྱི་འདུ་ཤེས་ལག་ལེན་དུ་བསྟར་བ་དང་ལྗང་མདོག་འཕེལ་རྒྱས་ཡོང་བར་གསོན་ཉམས་དོད་པའི་མ་དཔེ་བཏོན།
མིག་སྔར། མཚོ་ལྷོ་ཁུལ་གྱིས་ཧྭ་ཝེ་དང་པའེ་ཏུའུ། ཏུའུ་ཧེང་གཞི་གྲངས། ཕེང་དབྱིན་སྤྲིན་ཐོག་ཚན་རྩལ། ཧྲེན་ཧའེ་ཀྲི་ཀོང་། ཀྲུང་ཏེན་ཝན་ཅེ་སོགས་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་དང་མཉམ་འབྲེལ་བྱས་ཏེ། ནང་དོན་ལ་གཞི་གྲངས་གསོག་ཉར་དང་རིག་ནུས་མཆན་འགོད། རིག་རྩིས་དང་སྲིད་དོན་སྤྲིན་ཚོམ་བཅས་ཁྱབ་ཁོངས་མང་པོ་འདུས་ཡོད་ལ། རྒྱལ་ཡོངས་ཀྱི་བརྒྱ་ཆའི་བརྒྱ་ཡི་ལྗང་མདོག་གི་གློག་རྩིས་འཁོར་སྐྱོད་ཐོག་མ་དང་PUEཡི་གཞི་གྲངས1.2མན་གྱི་ཁྱད་ཆོས་ལ་བརྟེན་ནས་གཞི་གྲངས་ལྟེ་གནས་གཅིག་པུ་ནས་ཐོན་ལས་འདུས་ཚོགས་ཀྱི་ཕྱོགས་སུ་རིམ་པ་སྤར་ཞིང་། ཐོན་ལས་འདུས་ཚོགས་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར200བཏང་བའི་རྩིས་ཤུགས་ལས་གཞི་དེས་མཚོ་སྔོན་གྱིས་རྒྱལ་ཡོངས་ལྗང་མདོག་གློག་རྩིས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཚོད་ལྟའི་ཞིང་ཆེན་བསྐྲུན་པར་རྨང་གཞི་གལ་ཆེན་བཏིངས་ཡོད།
གློག་ལྗང་མཁོ་འདོན་དང་ལྗང་རྩིས་ཟད་གྲོན་ནི་མཚོ་ལྷོ་ཁུལ་ཁོ་ནར་ཡོད་པའི་ཐོན་ལས་གདུབ་ཟུམ་ཞིག་ཏུ་གྲུབ་ཡོད། གློག་ཤུགས་གཙང་མས་གཞི་གྲངས་ལྟེ་གནས་འཁོར་སྐྱོད་བྱེད་པར་འགན་སྲུང་བྱས་པ་དང་། གཞི་གྲངས་ལྟེ་གནས་ཀྱི་གློག་བཀོལ་ཚད་གཏན་འཇགས་སུ་བཏང་བར་མ་ཟད། ས་གནས་དེ་གའི་ནུས་ཁུངས་གསར་པ་ཟད་གྲོན་དུའང་བཏང་སྟེ། གློག་ལྗང་བཀོལ་སྤྱོད་ཀྱི་ལས་ཆོད་མཐོར་འདེགས་སུ་བཏང་ཡོད། མིག་སྔར་མཚོ་ལྷོ་ཁུལ་གྱི་གྲངས་གཞི་ཆེན་མོའི་ཐོན་ལས་གླིང་དུ་ཐོ་འགོད་བྱས་པའི་ལས་གཞི13དོན་འཁྱོལ་བྱས་ཡོད་པ་དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར166གཏོང་འཆར་ཡོད། ལྗང་མདོག་རྩིས་ཤུགས་ལས་གཞི་གཙོ་བོ་གང་མང་ཞིག་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་ཏེ། མཐོ་སྒང་གི་ཐཱན་མེད་རྩིས་ཤུགས་ཐོན་ལས་གཅིག་སྡུད་ཁུལ་ཞིག་བསྐྲུན་བཞིན་ཡོད།
སྐྱེ་ཁམས་ཀྱི་རྨང་གཞིར་བརྟེན་ནས་དམངས་ལ་སྟབས་བདེ་བསྐྲུན་པར་དམིགས་ཏེ། མཚོ་ལྷོ་ཁུལ་གྱིས་ལྗང་མདོག་རྩིས་ཤུགས་དེ་ལས་རིགས་ཁག་ཏུ་མཉམ་འདྲེས་ཡོང་བར་བྱས་ཤིང་། རིག་གནས་སྲིད་དོན་སྟེགས་བུར་བརྟེན་ནས་སྡེ་ཁག་གི་གཞི་གྲངས་ཤར་གཏོང་དང་སྐྱེ་ཁམས་སྔོན་བརྡའི་འགོག་སྲུང་སྲ་བརྟན་དུ་བཏང་ཡོད། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གིས་གོ་ལ་ཧྲིལ་པོའི་འཛད་སྤྱོད་པར་ཞབས་འདེགས་ཞུ་བ་དང་། རྩིས་ཤུགས་དང་ཞིང་ལས་ཀྱི་ཚ་ནུས་ལྷག་མའི་དྲོད་རླངས་མཁོ་འདོན་དང་། འོད་ནུས་གླིང་ཁུལ་གྱི་ཤེལ་ལེབ་ལས་གློག་འདོན་པ་དང་ཤེལ་ལེབ་འོག་ནས་ལུག་འཚོ་བའི་རྣམ་པ་གསར་གཏོད་བྱས་ཏེ། ལྗང་མདོག་རྩིས་ཤུགས་དེ་ཐོན་ལས་ལ་ནུས་ཤུགས་འདོན་པ་དང་དམངས་ཚིས་ལ་ཕན་བདེ་བསྐྲུན་པའི་ཐོན་སྐྱེད་ནུས་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།