ཏང་འཛུགས། 详情

ཏང་འཛུགས་ཀྱི་དགེ་མཚན་ལ་བརྟེན་ནས་རྒན་པ་དང་བྱིས་པའི་འཚོ་བར་བདེ་སྐྱིད་བསྐྲུན་པ།

2026-05-07 15:42:44 来源: 作者:དཀའ་བཟང་སྐྱིད། 编辑:བུ་མོ་མཆོག

རང་ཚགས་པར་གྱི་འཕྲིན། ཉེ་ཆར།  གུང་ཧོ་རྫོང་ཆབ་ཆ་གྲོང་བརྡལ་རྨ་ཆུ་ལམ་སྡེ་ཁུལ་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་དེ་ལེགས་འགྲུབ་བྱུང་ནས་དངོས་སུ་སྤྱོད་མགོ་བརྩམས་ཏེ།  ས་ཚིགས་གཅིག་ཅན་གྱི་རྒན་གསོའི་ཞབས་ཞུ་དང་རྒྱུན་རྣམ་ཅན་གྱི་བྱིས་པའི་བཅོལ་སྐྱོང་དོ་དམ་སྲིད་ཇུས་དུས་མཉམ་དུ་ལག་བསྟར་བྱས་ཤིང་། དེང་སྐབས་གུང་ཧོ་རྫོང་གིས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་བའི་གནད་དོན་ལ་དོ་སྣང་བྱས་ཏེ།  སྡེ་ཁུལ་གྱིས་སྒོ་བཅར་ཞབས་ཞུར་བརྟེན་ནས་ཐོན་ཁུངས་གཅིག་བསྡུས་དང་གནད་ལ་འཁེལ་བའི་སྒོ་ནས་རྒན་གསོ་དང་བཅོལ་སྐྱོང་། ཟ་མའི་རོགས་རམ། དམངས་ལ་སྟབས་བདེ་བསྐྲུན་པ་སོགས་སྣ་མང་ཞབས་ཞུ་མང་ཚོགས་ཀྱི་འཚོ་བའི་གམ་དང་ཡང་ན་སྟབས་བདེའི་ཞབས་ཞུ་མང་ཚོགས་ཀྱི་སྒོ་ཁར་བསྐྱལ་ནས།  གཞི་རིམ་བཅོས་སྐྱོང་ལ་སྔར་བས་དྲོད་ཁོལ་ལྡན་ཞིང་མང་ཚོགས་ཀྱི་འཚོ་བར་སྔར་བས་བདེ་སྐྱིད་ལྡན་པར་བྱས་ཡོད།

གསར་དུ་སྤྱོད་མགོ་བརྩམས་པའི་རྨ་ཆུ་ལམ་སྡེ་ཁུལ་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ནི་ཁོར་ཡུག་ཡངས་ཤིང་རྒྱ་ཆེ་ལ། སྒྲིག་བཀོད་འཐུས་ཚང་བ་ཞིག་རེད། རྒྱུས་ལོན་བྱུང་བ་ལྟར་ན། ལྟེ་གནས་འདིའི་གཅིག་ཐོག་གི་ཞབས་ཞུའི་ཚོམས་ཆེན་དེ་ལས་ཆོད་ཆེ་ཞིང་སྟབས་བདེ་ལ།  ཁམས་གསོའི་སྒྲིག་བཀོད་ཁང་རིན་མི་ལེན་པར་སྒོ་ཕྱེ་ཡོད།  ཉིས་ཐོག་ཏུ་རྒན་གསོ་དང་སྤྲོ་གསེང་། ཁམས་གསོ། རིག་རྩལ་བྱ་འགུལ་བཅས་ཀྱི་ཆེད་དོན་ས་ཁུལ་བསྐྲུན་ཡོད་ལ།  སུམ་ཐོག་ཏུ་བྱིས་པའི་བཅོལ་སྐྱོང་དང་ལུས་སྦྱོང་ལྟེ་གནས་བཀོད་སྒྲིག་བྱས་ཏེ་གཞོན་ནུ་ལོ་ཆུང་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྲུང་སྐྱོང་བྱེད་བཞིན་ཡོད། དེ་ལྟར་ན་ཚོད་མི་འདྲ་བའི་མང་ཚོགས་ལ་ཟ་མའི་རོགས་རམ་དང་ཁམས་གསོ། སློབ་ཕྱིའི་བཅོལ་སྐྱོང་སོགས་ཀྱི་སྟབས་བདེའི་ཞབས་ཞུ་བསྐྲུན་ནས་ཁོ་ཚོའི་འཚོ་བའི་དགོས་མཁོ་བསྐངས་ཡོད།

གནས་འདིའི་ཟ་མའི་བྲོ་བ་ང་ཚོ་རྒན་པའི་དགའ་ཕྱོགས་དང་ཤིན་ཏུ་འཚམ་ལ། འཚོ་བཅུད་ཀྱི་སྡེབ་སྦྱོར་ཡང་ལེགས་པས། འདི་རུ་ཟ་མ་ཟ་ཞོར་དུ་ཁ་བརྡ་བྱས་ན་སེམས་པ་ཧ་ཅང་སྐྱིད་པོ་འདུག་ཅེས་ཆབ་ཆ་གྲོང་བརྡལ་གྱི་སྡོད་དམངས་ཡུལ་ལྷ་ཡིས་དགའ་སྤྲོའི་ངང་དེ་ལྟར་བཤད། ཁོང་དང་འདྲ་བར་ཧྲུའུ་ཡུས་ཧྭ་ཧྥུའུ་ཡི་སྡོད་དམངས་ལྷ་རྒྱལ་ཡང་ཉིན་རྒྱུན་ལྟེ་གནས་འདིར་ཡོང་བར་དགའ་ལ། ཁོར་ཡུག་གཙང་ཞིང་ཞབས་ཞུ་ལེགས་པ། ཕུན་སུམ་ཚོགས་པའི་སྤྲོ་གསེང་བྱ་འགུལ་དང་ཆེད་ལས་ཅན་གྱི་བདེ་ཐང་ཞབས་ཞུ་བཅས་ཀྱིས་རྒན་པའི་ཚོགས་སྤྱིའི་འཚོ་བའི་སྐྱིད་སྣང་ངེས་བ་དོན་གྱིས་མཐོ་རུ་བཏང་ཡོད་པར་བསྔགས་བརྗོད་བྱས།

ལྟེ་གནས་འདིས་གླ་ཡོན་འོས་འཚམ་ལེན་པའི་ཚད་གཞི་ལག་བསྟར་བྱས་པ་མ་ཟད། རྒན་པར་དམིགས་ཏེ་རིམ་པ་བགར་བའི་དམིགས་བསལ་སྲིད་ཇུས་ཀྱང་བཏོན་ཡོད། ལྷག་པར་དུ་རྒན་པ་ཁེར་སྡོད་དང་མ་མཐའི་འཚོ་བའི་འགན་སྲུང་སོགས་དམིགས་བསལ་དཀའ་ངལ་ཆེ་བའི་ཚོགས་སྤྱིར་ཁ་ཕྱོགས་ནས། དམངས་སྲིད་ཀྱི་བཟའ་བཏུང་གི་ཁ་གསབ་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་བཞིན་ཡོད། རྨ་ཆུ་ལམ་སྡེ་ཁུལ་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་འགན་འཁུར་བ་འབྲུག་སྐྱིད་སྒྲོལ་མས་ང་ཚོའི་ལྟེ་གནས་ཀྱིས་རྒན་གསོའི་ཟ་མའི་རོགས་སྐྱོར་དང་བྱིས་པ་བཅོལ་སྐྱོང་། སྤྲོ་གསེང་རོལ་རྩེད། དམངས་ཕན་ཞབས་ཞུ་སོགས་ཀྱི་ནུས་པ་གཅིག་ཏུ་བསྒྲིལ་ཏེ། མངའ་ཁུལ་གྱི་རྒན་པ་དང་བྱིས་པར་བདེ་ཞིང་སྐྱིད་པའི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་ཡོད་ཅེས་ངོ་སྤྲོད་བྱས།

2013ལོར་བཙུགས་པའི་རྨ་ཆུ་ལམ་སྡེ་ཁུལ་ལ་མཚོན་ན། སྔོན་ཆད་རྒན་གསོའི་ཞབས་ཞུའི་ཐོན་ཁུངས་ཞན་པས་གཞི་རིམ་བཅོས་སྐྱོང་གི་གནད་དོན་ཞིག་ཏུ་གྱུར་ཡོད། འོན་ཀྱང་ད་ལྟ་ལྟེ་གནས་འདི་བཙུགས་པ་ལས་གནད་དོན་དེ་ཐག་གཅོད་ལེགས་པོ་བྱུང་སྟེ་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ་ཡོད། རྨ་ཆུ་ལམ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་གཞོན་པ་ཉེན་ཅོན་གྱིས་ང་ཚོའི་ཐོག་མའི་སེམས་འདུན་ནི་རྒན་པ་རེ་རེར་བདེ་སྐྱིད་ལྡན་པའི་ཚེ་མཇུག་གི་འཚོ་བ་ཞིག་རོལ་དུ་བཅུག་སྟེ། སྨན་བཅོས་དང་ཁམས་གསོ། རྒན་གསོ། ནད་གཡོག་བཅས་གཞི་གཅིག་ཅན་གྱི་ཞབས་ཞུ་ལེགས་པོར་བསྒྲུབ་རྒྱུ་དེ་ཡིན་ཟེར།

ད་ལོའི་ཅན་བཅུའི་ཏང་འཛུགས་ཀྱི་ཁྲིད་སྟོན་འོག གུང་ཧོ་རྫོང་གིས་གཞི་རིམ་དམངས་ཚིས་ཞབས་ཞུའི་མ་ལག་མུ་མཐུད་དུ་ཇེ་ལེགས་སུ་བཏང་སྟེ། དྲ་མིག་ཅན་གྱི་བཅོས་སྐྱོང་དང་བེད་མེད་དུ་བསྐྱུར་བའི་ཐོན་ཁུངས་ལེགས་སྒྲིག་བྱས་པ་དང་། སྔོན་ཡོད་ཀྱི་བདག་སྐྱོང་ཞབས་ཞུའི་ས་ཚིགས་ཀྱི་རྨང་གཞིའི་སྟེང་།བསྡོམས་པས་མ་དངུལ་སྒོར་ཁྲི2656.28བཏང་ནས། ཚད་གཞི་མཐོ་བའི་སྒོ་ནས་རྨ་ཆུ་ལམ་དང་སྲིད་དར་ལམ་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་གཉིས་འཛུགས་སྐྲུན་བྱས། དེ་བཞིན་མུ་མཐུད་དུ་ཤང་གྲོང་གི་རྒན་གསོའི་བཅོལ་སྐྱོང་ཞབས་ཞུའི་ས་ཚིགས་དག་ལེགས་སྒྲིག་བྱས་པ་བརྒྱུད་ནས། བློ་གཅིག་སེམས་གཅིག་གིས་རྒས་དུས་རྟེན་ས་ཡོད་པ་དང་བྱིས་པར་སྐྱོང་མཁན་ཡོད་པ། དཀའ་ངལ་ཅན་ལ་རོགས་སྐྱོར་ཡོད་པ། དམངས་ལ་འགན་སྲུང་ཡོད་པ་བཅས་ཀྱི་བདེ་སྐྱིད་ཀྱི་གུང་ཧོའི་རྣམ་པ་གསར་པ་ཞིག་བསྐྲུན་དང་སྐྲུན་བཞིན་ཡོད་པ་རེད།།


热门新闻

热门图库

热门排行