གཙོ་གནད། 详情

ཞི་ཅིན་ཕིང་གིས་ཀྲུང་གོའི་ན་གཞོན་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་ན་གཞོན་གདོང་ལེན་བྱ་དགའ་ཐོབ་པའི་འཐུས་མིར་འཕྲིན་ལན་སྤྲིངས་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྔ་བཞིའི་ན་གཞོན་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ན་གཞོན་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་ན་གཞོན་གདོང་ལེན་བྱ་དགའ་ཐོབ་པའི་འཐུས་མིར་འཕྲིན་ལན་སྤྲིངས་ནས། རྒྱལ་ཡོངས་མི་རིགས་སོ་སོའི་ན་གཞོན་ཚོར་དུས་ཆེན་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་ཐུགས་དགོངས་ཟབ་མོ་གནང་།

ཞི་ཅིན་ཕིང་གིས་འཕྲིན་ལན་ཁྲོད་གསུང་རྒྱུར། ཁྱེད་ཚོས་ཏང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ཏེ། ཚན་རྩལ་གསར་གཏོད་དང་གྲོང་གསེབ་དར་སྤེལ། སྤྱི་ཚོགས་ཞབས་ཞུ། རྒྱལ་སྲུང་མཐའ་སྲུང་སོགས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་རྐང་ཚུགས་པ་དང་། དངོས་སྒྲུབ་ཁག་ཁུར་ལ་བརྟེན་ནས་ལང་ཚོའི་ལེའུ་བྲིས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་གྱི་རང་སྟོབས་རང་སྤེལ་དང་དཔའ་ངར་ཆེར་སྐྱེད་ཀྱི་ཉམས་འགྱུར་བཟང་བོ་མངོན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”མགོ་རྩོམ་པའི་ལོ་འདི་ནི། ན་གཞོན་ཚོས་བྱས་རྗེས་འཇོག་པའི་སྐབས་དང་ཤིན་ཏུ་འཚམ། ཁྱེད་ཚོས་ཕུགས་བསམ་ཆེན་པོ་བཅངས་ནས་འབད་འཐབ་བྱ་དགོས་པ་དང་། རྒྱ་ཆེའི་ན་གཞོན་རྣམས་ཀྱི་སྣེ་ཁྲིད་ནས། རང་གི་འཚོལ་སྙེག་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་མཉམ་འདྲེས་བྱ་དགོས་པ་དང་། རང་སོ་སོའི་ལས་གནས་ལ་རྐང་ཚུགས་ནས་བྱས་རྗེས་འཇོག་དགོས་ལ། འཐབ་ལམ་གསར་པར་ཞུམ་པ་མེད་པའི་ལང་ཚོའི་སྟོབས་ཤུགས་འབུལ་དགོས་པའི་སྐུལ་མ་གནང་།

ཀྲུང་གོའི་ན་གཞོན་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་ན་གཞོན་གདོང་ལེན་བྱ་དགའ་སྩོལ་པའི་སྙིང་བོ་ནི་ཆབ་སྲིད་ཡར་ཐོན་དང་ཀུན་སྤྱོད་གཙང་མ། བྱས་རྗེས་འབུར་ཐོན་ཅན་གྱི་ཕུལ་བྱུང་ན་གཞོན་གྱི་དཔེ་མཚོན་བསྐྲུན་པ་དང་བསྟོད་བསྔགས་བྱ་ཆེད་ཡིན། ཉེ་ཆར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་དུ། བྱ་དགའ་ཐོབ་པའི་ན་གཞོན་འཐུས་མི16གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། གཞི་རིམ་དུ་རྩ་བ་ཚུགས་ཏེ་ལག་རྗེས་བཞག་པའི་གནས་ཚུལ་དང་མྱོང་ཚོར་སྙན་སེང་ཞུས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”བྱས་རྗེས་འཇོག་པ་དང་། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ལེགས་པར་བསྐྱོད་རྒྱུའི་ཆོད་སེམས་བསྟན། །


热门新闻

热门图库

热门排行