ཞུང་ཡོན་ལའེ་དང་ཀརྨ་མ་ཕུན་ཚོགས་རྣམ་གཉིས་ཀྱིས་ངལ་རྩོལ་དཔེ་ལེགས་པར་འཚམས་འདྲི་གནང་བའི་བྱ་འགུལ་སྤེལ་པ།
རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་རྣམ་གཉིས་ཀྱིས་འབྲེལ་ཡོད་མི་སྣ་ཁྲིད་དེ། རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་པ་དང་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་འཚམས་འདྲི་གནང་བ་དང་། ཁོ་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་གནང་བར་མ་ཟད། ཁུལ་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་པར་དུས་ཆེན་གྱི་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ཞུས།
ཞུང་ཡོན་ལའེ་དང་ཀརྨ་ཕུན་ཚོགས་རྣམ་གཉིས་མཚོ་ལྷོ་ཐན་ཧོ་ལམ་ཟམ་བཟོ་སྐྲུན་ཚད་ཡོད་ཀུང་ཟི་དང་། གུང་ཧོ་རྫོང་ཧྥེང་ཧྭ་ཐན་ཁྲེང་སྡེ་ཁུལ། ཧྲུའུ་ཡུས་ཧྭ་ཧྥུ་སྡེ་ཁུལ་། ཙེ་ཅུན་མེ་ཏོག་ལྡུམ་རའི་སྡེ་ཁུལ་བཅས་སུ་སོང་ནས། རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་མཁན་དབྱང་ཀྲི་དང་ལྷ་མོ་གཡུ་སྒྲོན། རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་པ་དཀོན་མཆོག་ཚེ་རིང་། མཚོ་སྔོན་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་མཁན་རིན་ཆེན་སྒྲོལ་མ་བཅས་ལ་འཚམས་འདྲི་གནང་བ་དང་། ཁོ་ཚོའི་ལག་རྩལ་གསར་གཏོད་དང་ལས་ཞུགས་རོགས་སྐྱོར། རང་བརྟེན་ལས་བཏོད་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་ཀྱིས་མིག་དཔེ་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལས་གནས་སོ་སོའི་སྟེང་ཡང་བསྐྱར་གྲུབ་འབྲས་བཟང་པོ་ལེན་པ་དང་བྱས་རྗེས་གསར་པ་འཇོག་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།
ཞུང་ཡོན་ལའེ་ཡིས་ངལ་རྩོལ་དཔེ་ལེགས་པ་ནི་རྒྱ་ཆེའི་ངལ་རྩོལ་པའི་ཕུལ་དུ་བྱུང་བའི་ཚད་གཞི་ཡིན་ལ། སྤྱི་ཚོགས་ཡོངས་ཀྱིས་སློབ་སྦྱོང་དང་གུས་བཀུར་བྱེད་པའི་མིག་དཔེ་ཡིན་ཡང་ཡིན་པས། རྒྱ་ཆེའི་ངལ་རྩོལ་པས་ངལ་རྩོལ་དཔེ་ལེགས་པའི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་བཅས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། མི་རིགས་མཐུན་སྒྲིལ་དང་ལས་ཞུགས་རོགས་སྐྱོར། སྲོལ་བཟང་སྣེ་ཁྲིད་བཅས་ཀྱི་ཐད་ནུས་པ་འདོན་སྤེལ་བྱས་ཏེ། ཁུལ་ཡོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་སུ་འགྲོ་བར་སྟོབས་ཤུགས་འབུལ་དགོས་པ་དང་། བཟོ་ཚོགས་སོགས་འབྲེལ་ཡོད་སྡེ་ཁག་གིས་རྒྱ་ཆེའི་ངལ་རྩོལ་པར་ཞབས་ཞུ་འགན་ལེན་དང་ཐུགས་ཁུར་དང་གཅེས་སྐྱོང་གི་བྱ་བ་ལེགས་པོར་བསྒྲུབས་ནས། ངལ་རྩོལ་ལ་བརྩི་མཐོང་དང་ངལ་རྩོལ་དཔེ་ལེགས་པར་ཐུགས་ཁུར། འབད་འཐབ་པར་གུས་འདུད་བཅས་བྱེད་པའི་རྣམ་པ་བཟང་བོ་བཏོད་དེ། རྒྱ་ཆེའི་ངལ་རྩོལ་པས་བརྩོན་སེམས་སྔར་བས་འཕེལ་བ་དང་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས། ཁུལ་ཡོངས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་ཞུགས་པར་ལྕག་སྐུལ་གནང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་འཛུགས་སྐྲུན་ཐད་བྱས་རྗེས་གསར་པ་འཇོག་དགོས་ཞེས་ནན་གྱིས་བསྟན།
ཀའོ་ཡུང་ཧུང་འཚམས་འདྲིའི་བྱ་འགུལ་ལ་ཞུགས།