ངལ་རྩོལ་དཔེ་ལེགས་པ་ལྷ་མོ་གཡུ་སྒྲོན། སོར་རྩེའི་སྒྱུ་རྩལ་ལས་འཁྲུངས་པའི་བོད་ཀྱི་གཙགས་དྲུབ།
ལྷ་མོ་གཡུ་སྒྲོན་ནི་བོད་ཀྱི་གཙགས་དྲུབ་ཀྱི་ཁྱིམ་རྒྱུད་ཅིག་ནས་སྐྱེས་ཤིང་། ཁོ་མོས་ཆུང་དུས་ནས་རྒན་རབས་པའི་བག་ཆགས་དང་བོད་ཀྱི་གཙགས་དྲུབ་ལག་རྩལ་ལ་སློབ་སྦྱོང་བྱས་པས། སྔ་གཞུག་ཏུ་ཞིང་ཆེན་རིམ་པའི་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་ནས་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་དང་པོའི་དམངས་ཁྲོད་ལག་ཤེས་མཛེས་རྩལ་དགེ་རྒན་ཆེན་མོ་ཞིག་ཏུ་གྱུར།
ལྷ་མོ་གཡུ་སྒྲོན་མཐོང་དུས་ཁོ་མོས་ཀུང་ཟིའི་རི་མོ་བ་དང་མཉམ་དུ་གེ་སར་སྒྲུང་གི་ལོ་རྒྱུས་སྙན་རྩོམ་རིང་མོའི་གཙགས་དྲུབ་ཀྱི་ཞིབ་ཕྲའི་ལས་ཀ་བྱེད་ཀྱི་ཡོད་ཅིང་། བོད་ཀྱི་གཙགས་དྲུབ་རིང་མོ་དེ་ད་ལོར་འཛམ་གླིང་ཅེ་ཉི་སིའི་ཟིན་ཐོར་ཐོ་འགོད་སྙན་ཞུ་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད།
མཚོ་ལྷོ་ཁུལ་ཚོན་ལྔའི་བོད་ལུགས་གཙགས་དྲུབ་སྒྱུ་རྩལ་ཚད་ཡོད་ཀུང་ཟིའི་རི་མོ་བ་གུ་གྲགས་སྐྱབས་ཀྱིས་བཤད་རྒྱུར། ང་ཚོའི་གེ་སར་རྒྱལ་པོའི་གཙགས་དྲུབ་རིང་མོར་ཁག་བཞི་ཡིས་གྲུབ་ཡོད་ལ། ཁག་སོ་སོའི་ནང་གེ་སར་རྒྱལ་པོའི་གཏམ་རྒྱུད་བརྗོད་ཡོད། ད་ལྟ་ཁག་བཞི་ཡི་སྐྱ་ཐིག་ཕབ་ཚར་ནས་ཞིབ་ཕྲའི་གསེར་སྐུད་འཐེན་པ་དང་ཁ་སྣོན་གྱི་རིམ་པར་ཐོན་ཡོད་ཟེར།
མཚོ་ལྷོ་ཁུལ་ཚོན་ལྔའི་བོད་ལུགས་གཙགས་དྲུབ་སྒྱུ་རྩལ་ཚད་ཡོད་ཀུང་ཟིའི་ལག་རྩལ་སྤྱིའི་ལྟ་སྐུལ་བ་ལྷ་མོ་གཡུ་སྒྲོན་གྱིས་བཤད་རྒྱུར། ད་ལྟ་གཙག་བཞིན་པའི་གེ་སར་སྒྲུང་གི་ལོ་རྒྱུས་སྙན་རྩོམ་རིང་མོའི་གཙགས་དྲུབ་རིང་མོ་འདི་ནི་ང་ཚོས2016ལོ་ནས་བཟུང་གཙག་མགོ་བརྩམས་པ་ཡིན་ལ། ང་ཚོ་བུད་མེད་གཙག་དྲུབ་པ60ཡིས་ཕལ་ཆེར་ལོ་ངོ་བཅུའི་རིང་ལ་གཙགས་ཤིང་། ད་ལོའི་ཟླ་བ་བདུན་པར་ལེགས་འགྲུབ་འབྱུང་ངེས། ང་ཚོས་ཅི་ཉི་སིའི་ཟིན་ཐོར་ཐོ་འགོད་རེ་ཞུ་བྱེད་པའི་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། གཙགས་དྲུབ་རིང་མོ་འདིར་ང་ཚོའི་བོད་ལུགས་ཀྱི་གཙགས་དྲུབ་ཀྱི་ཁྱད་ཆོས་ཡོད་པར་མ་ཟད། ད་དུང་ང་ཚོ་མཚོ་སྔོན་གྱི་མི་རིགས་སོ་སོའི་གཙགས་ཐབས་དང་གཙགས་ཐབས་གྲགས་ཅན་བཞིའི་ཁྱད་ཆོས་ཀྱང་འབུར་དུ་ཐོན་པར་བྱས་ཡོད་ཟེར།
ཀོས་ནན་བོད་ཀྱི་གཙགས་དྲུབ་ནི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞི་ཞིག་ཡིན་ལ། ལྷ་མོ་གཡུ་སྒྲོན་གྱིས་ཆུང་དུས་ནས་བཟུང་བོད་ཀྱི་གཙགས་དྲུབ་གཙགས་ཐབས་ལ་སློབ་སྦྱོང་བྱས་པ་ནས་བཟུང་། ད་ལྟ་ཚོན་ལྔའི་བོད་ལུགས་གཙགས་དྲུབ་སྒྱུ་རྩལ་ཚད་ཡོད་ཀུང་ཟི་བཙུགས་ཤིང་། སྲིད་གཞུང་གི་སྣེ་ཁྲིད་དང་རྒྱབ་སྐྱོར་འོག་ལྷ་མོ་གཡུ་སྒྲོན་དང་ས་གནས་ཀྱི་དམངས་ཁྲོད་ལག་ཤེས་སྒྱུ་རྩལ་པ་རྣམས་ཀྱིས་ཞིང་ཆེན་གཞན་པར་ཧོ་ནན་གཙགས་དྲུབ་དང་སུའུ་ཀྲིག་གཙགས་དྲུབ། ཀོང་ཏུང་གཙགས་དྲུབ། ཟི་ཁྲོན་གཙགས་དྲུབ་བཅས་ཀྲུང་གོའི་གཙགས་དྲུབ་གྲགས་ཅན་བཞིའི་གཙག་ཐབས་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས་ཏེ། བོད་ལུགས་གཙགས་དྲུབ་ཀྱི་ལག་ཤེས་སྒྱུ་རྩལ་ལ་རྙིང་འབུད་གསར་འདོན་བྱས་ནས། བོད་ལུགས་གཙགས་དྲུབ་ཀྱི་རང་སྟེང་གི་ཁྱད་ཆོས་འབུར་དུ་ཐོན་པར་བྱས།
བརྩོན་པ་རྟག་གིས་མ་བཏང་ན།མི་འགྲུབ་བྱ་བ་ཅི་ཡང་མེད། མིག་སྔར།བོད་ཀྱི་གཙགས་དྲུབ་རིམ་བཞིན་ཐོན་ལས་ཅན་དང་ཚོང་ར་ཅན་དུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས། ལག་རྩལ་གསོ་སྦྱོང་དང་ཐོན་སྐྱེད། ཉོ་སྒྲུབ་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་ཐོན་ལས་ཀྱི་སྦྲེལ་ཐག་ཞིག་གྲུབ་ཡོད་པ་དང་། སོར་རྩེའི་སྒྱུ་རྩལ་དེ་སོར་རྩེའི་དཔལ་འབྱོར་དུ་བསྒྱུར་ནས།གཙགས་དྲུབ་མཁན་རྣམས་ཀྱིས་རང་ཁྱིམ་དུ་ལས་ཞུགས་བྱས་ཏེ་འབབ་འཕར་ཕྱུག་འགྱུར་ཐུབ་པ་བྱུང་ཡོད།
2024ལོར། ལྷ་མོ་གཡུ་སྒྲོན་ལ་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་དཔེ་ལེགས་པའི་བྱ་དགའ་ཐོབ་པ་དང་། ལོ་ངོ་མང་པོའི་རིང་ལ། མོས་ཁབ་སྐུད་ལ་བརྟེན་ནས་རང་ཉིད་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པ་མ་ཟད། བུད་མེད་སྐོར་ཞིག་བོད་ལུགས་གཙགས་དྲུབ་ལས་རིགས་ནང་དུ་ཞུགས་པར་སྐུལ་ཁྲིད་ཀྱང་བྱས། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་འདིའི་བརྟན་སྲུང་དང་འགན་ལེན་གྱིས་ཕ་ཡུལ་གྱི་བུད་མེད་སྣེ་ཁྲིད་ནས།རེ་བའི་ཁེངས་པའི་འབབ་འཕར་གྱི་ལམ་བུ་ཞིག་ཏུ་བསྐྱོད་བཞིན་ཡོད།
མཚོ་ལྷོ་ཁུལ་ཚོན་ལྔའི་བོད་ལུགས་གཙགས་དྲུབ་སྒྱུ་རྩལ་ཚད་ཡོད་ཀུང་ཟིའི་ལག་རྩལ་སྤྱིའི་ལྟ་སྐུལ་བ་ལྷ་མོ་གཡུ་སྒྲོན་གྱིས་བཤད་རྒྱུར། ད་ལྟ་ང་ཚོའི་ཕ་ཡུལ་སྟེ་མཚོ་ལྷོ་ས་ཁུལ་དུ་ལག་རྩལ་ལ་མཁས་པའི་བུད་མེད་མང་པོ་ཡོད་ཅིང་། ངས་བུད་མེད་འདི་དག་ཚང་མ་གར་སྟེགས་ཆེན་པོའི་སྟེང་ཁྲིད་དེ་ཁོ་མོ་ཚོར་རང་གི་ལག་རྩལ་ལ་བརྟེན་ནས་འཚོ་བ་སྔར་ལས་སྐྱིད་པོ་ཞིག་རོལ་དུ་འཇུག་བསམ་པ་ཡིན་ཟེར།