གནས་ཚུལ། 详情

ཞིན་ཧེ་རྫོང་གི་རྟ་ཐོག་ཉེན་རྟོག་ལས་དོན་གྱིས་འབྲོག་ཁུལ་མང་ཚོགས་ལ་སྟབས་བདེའི་ཞབས་ཞུ་བསྐྲུན།

2026-04-29 16:21:45 来源: 作者:དཔའ་མོ་མཚོ། 编辑:བུ་མོ་མཆོག

 ད་ལོའི་ཚུན་ལ་ཞིན་ཧེ་རྫོང་སྤྱི་བདེ་ཅུའུ་ལུང་བཟང་མངག་གཏོང་ཁང་གིས་འབྲོག་ཁུལ་གྱི་དོན་དངོས་ལ་རྐང་བཙུགས་ཏེ། རྟ་ཐོག་ཉེན་རྟོག་ལས་དོན་གྱི་ཁྱད་ལྡན་རྣམ་པར་བརྟེན་ནས། ཉེན་རྟོག་པ་དང་ཉེན་རྟོག་ལག་རོགས་པ་རྟར་ཞོན་ཏེ་རྩྭ་ཐང་དང་རི་ལུང་ཀུན་ཏུ་བསྐྱོད་ནས་དམངས་ཕན་ཞབས་ཞུ་དང་སྲིད་ཇུས་སྒྲོག་འགྲེལ། བདེ་འཇགས་སྲུང་སྐྱོང་བཅས་འབྲོག་ཁྱིམ་རེ་རེའི་ཁྱིམ་དུ་བསྐྱལ་བས། འབྲོག་ཁུལ་མང་ཚོགས་ལ་སྟབས་བདེའི་ཞབས་ཞུ་བསྐྲུན་པ་རེད།

 ཞིན་ཧེ་རྫོང་ལུང་བཟང་མངག་གཏོང་ཁང་གི་མངའ་ཁུལ་གཙོ་བོ་ནི་འབྲོག་ཁུལ་ཡིན་པས།འབྲོག་དམངས་ཀྱི་སྡོད་ཁང་ཐར་ཐོར་ཡིན་པ་དང་། འགྲིམ་འགྲུལ་སྟབས་མི་བདེ་བ། སྲོལ་རྒྱུན་གྱི་གཅིག་བསྡུས་ཞབས་ཞུའི་རྣམ་པ་བཅས་ཀྱིས་མང་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད། ད་ལོའི་ཚུན་ལ་མངག་གཏོང་ཁང་གིས་ཅན་བཅུའི་ཏང་འཛུགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་བྱ་བར་ཁྲིད་སྟོན་བྱེད་པའི་བཀོད་སྒྲིག་ལ་དམ་པོར་གཞིགས་ནས། ཏང་འཛུགས་བྱ་བ་དང་གཞི་རིམ་ཉེན་རྟོག་ལས་དོན་གཏིང་ཟབ་ཀྱིས་མཉམ་འདྲེས་བྱས་ཏེ། རྟ་ཐོག་སྒྲོག་བཤད་རུ་ཁག་དང་རྟ་ཐོག་ཉེན་རྟོག་ལས་དོན་རུ་ཁག་བཙུགས་ནས། ཉེན་རྟོག་པ་དང་ཉེན་རྟོག་ལག་རོགས་པ། སྡེ་བའི་ཉེན་རྟོག་པ། དང་བླངས་ཉེན་རྟོག་པ་བཅས་ནི་སྐོར་སྐྱོད་བྱེད་པའི་ཞབས་ཞུ་པ་དང་དྲིལ་སྒྲོག་པ། འདུམ་འགྲིག་པ་བཅས་སུ་གྱུར་ཡོད།

ཞིན་ཧེ་རྫོང་ལུང་བཟང་མངག་གཏོང་ཁང་གི་སློབ་སྟོན་པ་འཕགས་མོ་བཀྲ་ཤིས་ཀྱིས་བཤད་རྒྱུར། ང་ཚོའི་མངའ་ཁུལ་གྱི་རྒྱ་ཁྱོན་ཆེ་ཞིང་འབྲོག་ཁྱིམ་ཐར་ཐོར་ཡིན་ལ། ས་ཁུལ་འགའ་ཤས་ཤིག་ལ་རླངས་འཁོར་བསྐྱོད་མི་ཐུབ་པས། རྟར་ཞོན་རྒྱུ་ནི་ཆེས་སྟབས་བདེའི་བྱ་ཐབས་ཤིག་ཏུ་གྱུར་ཡོད། ང་ཚོས་དྲིལ་སྒྲོག་རྒྱུ་ཆ་དང་ཁྱིམ་ཐོ་སྒྲུབ་པའི་རྒྱུ་ཆ་ཁྱེར་ནས་རྟར་ཞོན་ཏེ་འབྲོག་ཁྱིམ་རེ་རེར་སོང་སྟེ། ཁྱིམ་གྱི་སྒོ་ཁ་ནས་ཁོ་ཚོར་ཞབས་ཞུ་བཟང་པོ་ལོངས་སྤྱོད་བྱེད་དུ་བཅུག་པ་ཡིན་ཟེར།

སྲོལ་རྒྱུན་གྱི་སྒྲོག་འགྲེལ་རྣམ་པ་བསྒྱུར་ཏེ། ཉེན་རྟོག་པ་དང་ཉེན་རྟོག་ལག་རོགས་པ་དག་གིས་དྲིལ་སྒྲོག་རྒྱུ་ཆ་ཁྱེར་ནས་རྟར་ཞོན་ཏེ་རྩྭ་ཐང་དང་རི་ལུང་ཀུན་ཏུ་ཁ་བརྡའི་ལམ་ནས་འབྲོག་ཁུལ་གྱི་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གོ་བདེ་བའི་སྐད་ཆས་འབྲོག་པ་མང་ཚོགས་ལ་ཏང་གི་དམངས་ཕན་སྲིད་ཇུས་དང་། རྩྭ་ཐང་སྲུང་སྐྱོང་གི་ཁྲིམས་སྲོལ། མགོ་སྐོར་གཏོང་བར་ངོ་རྒོལ་དང་མགོ་གཡོག་མགོ་སྐོར་གྱི་སྔོན་འགོག་ཤེས་བྱ། བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་གནད་བཅས་སྒྲོག་འགྲེལ་བྱས་པ་མ་ཟད། འབྲོག་པ་མང་ཚོགས་ཀྱིས་བཏོན་པའི་རྩྭ་ས་རྩོད་གླེང་དང་ཁྱིམ་མཚེས་བར་གྱི་འགལ་བ། ཁྱིམ་ཐོའི་འགྲོ་ལུགས་སོགས་ཀྱི་དྲི་བར་ལན་བཏབ་ནས་མང་ཚོགས་ཀྱི་དཀའ་གནད་དང་རེ་སྒུག་གནད་འཁེལ་གྱིས་ཐག་བཅད།

ཞིན་ཧེ་རྫོང་ལུང་བཟང་ཤང་སེར་འབའ་སྡེ་བའི་སྡེ་དམངས་དཔའ་རྩེ་ཡིས་བཤད་རྒྱུར།སྔོན་ཆད་ང་ཚོས་སྲིད་ཇུས་རྒྱུས་ལོན་བྱས་ཏེ་ལས་དོན་ཞིག་སྒྲུབ་བསམ་ན་ས་ཐག་རིང་བའི་མངག་གཏོང་ཁང་དུ་འགྲོ་དགོས། ད་ལྟ་ཉེན་རྟོག་པས་རྟར་ཞོན་ནས་རང་ཁྱིམ་སྒོ་ཁར་སྲིད་ཇུས་སྒྲོག་འགྲེལ་དང་དཀའ་གནད་ཐག་གཅོད་བྱས་པ་མ་ཟད། ད་དུང་འགལ་བ་འདུམ་འགྲིག་བྱེད་རོགས་ཀྱང་བྱས་པས་སེམས་པ་དྲོ་བར་བྱས་ཡོད་ཟེར།

སྲིད་ཇུས་སྒྲོག་འགྲེལ་བྱེད་པ་མ་གཏོགས་ལུང་བཟང་མངག་གཏོང་ཁང་གིས་ད་དུང་ཅན་བཅུའི་ཏང་འཛུགས་བྱ་བ་གཙོ་གནད་དུ་བཟུང་སྟེ། ཏང་འཛུགས་དང་ཉེན་རྟོག་ལས་དོན་གྱི་རྣམ་པ་གཏིང་ཟབ་ཏུ་བཏང་ཞིང་། འབྲོག་ཁུལ་གྱི་བཅོས་སྐྱོང་དཀའ་གནད་ལ་གཞིགས་ནས་རང་འགུལ་གྱིས་འགན་ནུས་ལག་བསྟར་བྱས། ཉེན་རྟོག་པ་དང་ཉེན་རྟོག་ལག་རོགས་པས་རྒྱུན་རྣམ་ཅན་གྱི་སྒོ་ནས་རྩྭ་ས་རྩོད་གླེང་དང་ཁྱིམ་མཚེས་བར་གྱི་འབྲེལ་བ། ཁྱིམ་ཚང་གི་རྩོད་གཞི་སོགས་ཀྱི་འགལ་བའི་བྱུར་རྐྱེན་ལ་གྲལ་བཤེར་བྱས་ཏེ། སྔ་འཛིན་ཆུང་འཛིན་དང་སྔོན་འགོག་རྒྱུན་འཁྱོངས་བྱས་ནས། གྲལ་བཤེར་ལས་རྒྱུས་ལོན་བྱུང་བའི་རིགས་སྣ་ཚོགས་ཀྱི་འགལ་ཟླ་རྩོད་གླེང་ཡུལ་དངོས་བདག་སྤྲོད་དང་ཡུལ་དངོས་འདུམ་འགྲིག་བྱས་པ་དང་། ཉེན་ཁའི་བྱུར་རྐྱེན་བྱུང་མ་ཐག་དུས་ཐོག་ཏུ་གཞི་རིམ་ནས་འདུམ་འགྲིག་བྱས། དུས་མཚུངས་སུ་སྐོར་ཞིབ་དང་སློབ་རའི་བདེ་འཇགས་སྲུང་སྐྱོང་། བདེ་འཇགས་བྱུར་རྐྱེན་བཅོས་སྐྱོང་སོགས་ཀྱི་བྱ་བ་དུས་མཉམ་དུ་སྤེལ་ནས། འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་སྲོལ་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱས་ཏེ། འབྲོག་པ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་དུ་མཐོར་འདེགས་སུ་བཏང་ཡོད།

ཞིན་ཧེ་རྫོང་ལུང་བཟང་མངག་གཏོང་ཁང་གི་ཉེན་རྟོག་པ་པདྨ་རྒྱལ་གྱིས་བཤད་རྒྱུར། རྟ་ཐོག་ཉེན་རྟོག་ལས་དོན་ནི་ང་ཚོས་འབྲོག་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་སྒོས་འཚོལ་ཞིབ་བྱས་པའི་ཞབས་ཞུའི་རྣམ་པ་ཞིག་ཡིན་ཞིང་། རྗེས་ཕྱོགས་ང་ཚོས་མུ་མཐུད་དུ་བྱ་ཐབས་འདིའི་དགེ་མཚན་འདོན་སྤེལ་བྱས་ཏེ།ཏང་འཛུགས་ཁྲིད་སྟོན་གཏིང་ཟབ་ཏུ་གཏོང་བ་དང་། དམངས་བདེ་ཞབས་ཞུ་དང་བྱུར་རྐྱེན་གྲལ་བཤེར་རྒྱུན་རྣམ་ཅན་གྱིས་སྤེལ་ནས། རྩྭ་ཐང་གི་ག་ས་གང་དུ་མང་ཚོགས་ལ་ཞབས་ཞུ་གང་ལེགས་བསྒྲུབ་རྒྱུ་ཡིན་ཟེར།

རྟ་ཐོག་ཉེན་རྟོག་ལས་དོན་གྱིས་འབྲོག་ཁུལ་མང་ཚོགས་ཀྱི་ལས་དོན་སྒྲུབ་ཐག་རིང་བ་དང་ལས་དོན་སྒྲུབ་དཀའ་བའི་གནད་དོན་ཐག་བཅད་པར་མ་ཟད། མང་ཚོགས་དང་ཉེན་རྟོག་པའི་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་བཏང་སྟེ། རྩྭ་ཐང་གི་ག་ས་གང་དུ་ཉེན་རྟོག་པའི་དམག་རྟགས་སེར་ལམ་མེར་འཚེར་བཞིན་འབྲོག་ཁུལ་གྱི་གཞི་རིམ་བཅོས་སྐྱོང་ཐད་དྲོད་ཁོལ་ལྡན་པའི་སྟོབས་ཤུགས་བསྩལ་ཡོད།


热门新闻

热门图库

热门排行