གུང་ཧོའི་མི་མེད་མྱུར་སྐྱེལ་རླངས་འཁོར་གྱིས་དམངས་ལ་སྟབས་བདེ་བསྐྲུན་པ།
ཉེ་ཆར།གུང་ཧོ་རྫོང་དུ་མི་མེད་མྱུར་སྐྱེལ་རླངས་འཁོར་ཁག་ཚོད་ལྟའི་སྤྱོད་མགོ་བརྩམས་པ་དང་། རིག་ནུས་ཅན་གྱི་སྡེབ་སྐྱེལ་སྒྲིག་ཆས་མཁར་ཁུལ་གྱི་ཁྲོམ་གཞུང་ལ་བཀྲམ་སྟེ། རྫོང་མཁར་སྡོད་དམངས་ཀྱི་མྱུར་སྐྱེལ་རྩིས་ལེན་བྱ་བར་བྱེད་ཐབས་གསར་པ་མཁོ་འདོན་བྱས་ནས། མཁར་གྲོང་ཟོག་འགྲེམས་ཞབས་ཞུ་སྔར་ལས་ཇེ་ལེགས་སུ་བཏང་།
ཐེངས་འདིར་སྤྱད་པའི་མི་མེད་མྱུར་སྐྱེལ་རླངས་འཁོར་གྱིས་གུང་ཧོ་རྫོང་གི་ས་ཁུལ་གཙོ་བོ་དང་སྡོད་དམངས་གཞིས་ཁུལ། དེ་བཞིན་ཤང་གྲོང་ཁག་ཅིག་བཅས་ལ་ཞབས་འདེགས་ཞུ་བཞིན་ཡོད། རླངས་འཁོར་འདི་ལ་རིག་ནུས་ཕྱོགས་སྟོན་དང་རང་འགུལ་ངང་འགོག་རྐྱེན་སེལ་བའི་བྱེད་ནུས་ལྡན་ལ། སྔ་མོ་ནས་བཀོད་སྒྲིག་བྱས་པའི་ལམ་ཐིག་ལྟར་རྫོང་མཁར་གྱི་ཁྲོམ་གཞུང་དང་གྲོང་གསེབ། སྡེ་ཁུལ་ས་ཚིགས་བཅས་སུ་སྦྲག་ཐོག་བསྐུར་དངོས་ནོར་མེད་ངང་སྡེབ་སྐྱེལ་བྱེད་ཐུབ་པས། མཁར་གྲོང་གི་མྱུར་སྐྱེལ་ལས་མིའི་ལས་ཀའི་ཁུར་པོ་ཇེ་ཡང་དུ་བཏང་བ་དང་མྱུར་སྐྱེལ་ལས་ཆོད་མཐོ་རུ་ཕྱིན་ཡོད།
གུང་ཧོའི་ཧྲེང་ཐུང་མྱུར་སྐྱེལ་འགན་འཁུར་པ་མཱ་ཅིན་ཅོན་གྱིས་བཤད་རྒྱུར། མི་མེད་མྱུར་སྐྱེལ་རླངས་འཁོར་ནི་སྡེ་བ་དང་མཁར་གྲོང་གི་གཞུང་ལམ་དང་ཁོར་ཡུག་ལ་འཚམ་ཞིང་། རང་འགུལ་ངང་སྡེབ་སྐྱེལ་ལས་འགན་ལེགས་པོ་སྒྲུབ་ཐུབ་པས། སྡེབ་སྐྱེལ་མ་རྩ་ཇེ་དམའ་རུ་བཏང་ཡོད་པ་མ་ཟད། མྱུར་སྐྱེལ་ཞབས་ཞུའི་ནུས་པའང་མཐོ་རུ་བཏང་ཡོད། ལྷག་པར་དུ་རོང་འབྲོག་ཁུལ་གྱི་སྡོད་གནས་ཐ་ཐོར་བའི་དགོས་མཁོ་དང་འཚམ་པས། ང་ཚོའི་མི་ཤུགས་དང་སྡེབ་སྐྱེལ་གྱི་འགྲོ་གྲོན་གྲོན་ཆུང་བྱས་ཡོད་ཟེར།
རིག་ནུས་སྟབས་བདེ་ཅན་གྱི་སྡེབ་སྐྱེལ་རྣམ་པས་མྱུར་སྐྱེལ་འཁོར་རྒྱུག་གི་ལས་ཆོད་མཐོ་རུ་བཏང་བ་དང་། མི་མེད་མྱུར་སྐྱེལ་རླངས་འཁོར་གྱིས་དངོས་ཟོག་མྱུར་སྐྱེལ་ས་ཚིགས་སོ་སོར་བསྐྱལ་རྗེས། ལས་བྱེད་མི་སྣས་མྱུར་སྐྱེལ་དངོས་ཟོག་རིགས་དབྱེ་ལེགས་སྒྲིག་བྱས་ཡོད་པས། སྡོད་དམངས་ཀྱིས་རང་ཉིད་ཀྱི་དུས་ཚོད་དང་བསྟུན་ནས་མྱུར་སྐྱེལ་ས་ཚིགས་སུ་མྱུར་སྐྱེལ་དངོས་ཟོག་ལེན་དུ་སོང་ཆོག་ལ། བརྒྱུད་རིམ་ཧྲིལ་བོར་ལས་ཆོད་ཆེ་ཞིང་གོ་རིམ་ལྡན་པས། རིག་ནུས་ཅན་གྱི་སྡེབ་སྐྱེལ་བྱེད་སྟངས་དེར་ཚང་མའི་ཁས་ལེན་གང་ལེགས་ཐོབ་ཡོད།
གུང་ཧོ་རྫོང་གྲོང་སྐོར་ཤར་ལམ་མྱུར་སྐྱེལ་ས་ཚིགས་ཀྱི་འགན་འཁུར་བ་མཱ་ལི་ཡཱ་ཡིས་བཤད་རྒྱུར། མི་མེད་མྱུར་སྐྱེལ་རླངས་འཁོར་ནང་འདྲེན་བྱས་རྗེས། དངོས་ཟོག་སྐྱེལ་ཡུན་ཇེ་ཐུང་དུ་བཏང་བ་མ་ཟད། ང་ཚོའི་བྱ་བའང་ཇེ་ཡང་དུ་སོང་ཡོད་ཅིང་། མྱུར་སྐྱེལ་དངོས་ཟོག་སྐྱེལ་འདྲེན་སྔར་ལས་ཚད་ལྡན་ཅན་དུ་གྱུར་བ་དང་། སྡོད་དམངས་ལ་མྱུར་སྐྱེལ་དངོས་ཟོག་ལེན་སྐབས་ཧ་ཅང་སྟབས་བདེ་སྐྲུན་ཡོད་པར་མ་ཟད། ང་ཚོའི་ས་ཚིགས་ཀྱི་ཞབས་ཞུའི་སྤུས་ཚད་ཀྱང་མཐོ་རུ་ཕྱིན་ཡོད་ཟེར།
རྫོང་མཁར་དུ་མི་མེད་མྱུར་སྐྱེལ་རླངས་འཁོར་ནང་འདྲེན་བྱས་པ་དེ་ནི་རང་ཁུལ་གྱིས་གྲོང་ཁྱེར་གྱི་དམངས་ཕན་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་རིག་ནུས་དངོས་ཟོག་སྐྱེལ་འདྲེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་ལེན་གསར་པ་ཞིག་ཡིན། མ་འོངས་པར་རིག་ནུས་ཅན་གྱི་སྡེབ་སྐྱེལ་ཞབས་ཞུའི་སྤུས་ཚད་མུ་མཐུད་དུ་ལེགས་བསྒྱུར་དང་འཐུས་ཚང་དུ་བཏང་སྟེ། ཚན་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་སྡོད་དམངས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་ནས། གྲོང་ཁྱེར་གྱི་དམངས་ཚིས་ཞབས་ཞུར་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད།