རྒྱལ་སྤྱི། 详情

ཕུའུ་ཅིན་གྱིས་ཨུ་རུ་སིས་ནུས་ཤུགས་ཆེན་པོས་དབུས་ཤར་ས་ཁུལ་དུ་ཞི་བདེ་མྱུར་མོར་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།

ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས27ཉིན་ཧྲིན་པུས་ཏི་པའོ་ནས་དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལཱ་ཀི་ཆི་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཨུ་རུ་སི་ཡིས་ཤུགས་ཆེན་པོས་དབུས་ཤར་ས་ཁུལ་དུ་ཞི་བདེ་མྱུར་མོར་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། དབྱི་ལིང་མི་དམངས་ཀྱིས་བདག་དབང་གི་ཆེད་དུ་དཔའ་མཛངས་ལྡན་པའི་འཐབ་འཁྲུག་བྱེད་བཞིན་ཡོད་ཅིང་། དབྱི་ལིང་གི་དམངས་ཀྱིས་བློ་སྤོབས་དེ་ལ་བརྟེན་ནས་འགོ་ཁྲིད་པ་གསར་བའི་སྣེ་ཁྲིད་འོག་དཀའ་ཁག་ལ་ཐར་ནས་ཞི་བདེ་བསུ་ཐུབ་པར་རེ་བཞིན་ཡོད་ཟེར། ཕུའུ་ཅིན་གྱིས་བཤད་རྒྱུར། ཁོ་ལ་དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་མུའུ་ཅེ་ཐཱ་པཱ་ཡི་བརྡ་འབྱོར་ཡོད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་ལིང་བར་གྱི་འཐབ་ཇུས་འབྲེལ་བ་འཕེལ་རྒྱས་སུ་བཏང་སྟེ། ནུས་པ་གང་ཡོད་ཀྱིས་དབྱི་ལིང་དང་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་གཞན་པའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

ཨ་ལཱ་ཀི་ཆི་ཡིས་བཤད་རྒྱུར། དབྱི་ལིང་དང་ཨུ་རུ་སི་ནི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཡིན་ཞིང་། གནས་ཚུལ་ཅི་འདྲ་ཞིག་བྱུང་ཡང་། དབྱི་ལིང་དང་ཨུ་རུ་སིའི་འབྲེལ་བར་བསྟུད་མར་ཤུགས་སྣོན་ཐོབ་སྲིད། དབྱི་ལིང་མི་དམངས་ཀྱིས་དཔའ་སྤོབས་དང་ངོ་རྒོལ་ལ་བརྟེན་ནས་འཛམ་གླིང་ཡོངས་ལ་ཁོ་ཚོས་ཨ་མེ་རི་ཁའི་དཔུང་འཇུག་དང་བཙན་འཛུལ་ལ་གདོང་གཏོད་ཐུབ་པ་བདེན་དཔང་བྱས་ཡོད་ཟེར། ཁོས་ཨུ་རུ་སིའི་ཕྱོགས་ཀྱིས་དབྱི་ལིང་དཀའ་སྡུག་ཆེ་བའི་དུས་སུ་དབྱི་ལིང་གི་ཕྱོགས་ནས་ལངས་ཏེ། མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས།

ཨུ་རུ་སིའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཐུག་འཕྲད་མཇུག་སྒྲིལ་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སི་ཡིས་ཨ་མེ་རི་ཁ་དང་དབྱི་ལིང་གིས་མུ་མཐུད་དུ་གྲོས་མོལ་བྱེད་པར་དགའ་བསུ་བྱེད་བཞིན་ཡོད་པ་དང་། འཐབ་འཁྲུག་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་དགོས། རྒྱུ་མཚན་ནི་དེ་དབྱི་ལིང་དང་ཧའོ་ཨར་མུའུ་ཙི་མཚོ་འགག་འགྲམ་བརྒྱུད་ཀྱི་རྒྱལ་ཁབ་དག་གི་ཁེ་ཕན་དང་མི་འཚམ་ལ། གོ་ལ་ཧྲིལ་བོའི་དཔལ་འབྱོར་ཁེ་ཕན་དང་ཡང་མི་འཚམ་པས་ཡིན། ཨུ་རུ་སིའི་ཕྱོགས་ཀྱིས་དབྱི་ལིང་གི་འཐབ་འཁྲུག་ལ་འབྲེལ་བ་ཡོད་པའི་ཕྱོགས་སོ་སོས་དང་ལེན་ཐུབ་པའི་བར་འདུམ་བྱ་བ་སྤེལ་ནས་ནུས་ཤུགས་ཡོད་དགུས་ཞི་བདེ་མངོན་འགྱུར་བྱེད་འདོད་ཡོད་ཟེར།

ཨ་ལཱ་ཀི་ཆི་ཡིས་ཕཱ་ཁི་སི་ཐན་ལ་འཚམས་འདྲི་བྱས་རྗེས། ཚེས27ཉིན་གྱི་ཞོགས་པར་ཧྲིན་པུས་ཏི་པའོ་རུ་འབྱོར་བ་རེད། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་ལཱ་ཀི་ཆི་ཡིས་ཐུག་འཕྲད་བྱེད་སྐབས་ཕཱ་ཁི་སི་ཐན་གྱི་བར་འདུམ་བརྒྱུད་རིམ་མཚམས་སྦྱོར་བྱས་པ་དང་། དེ་པའོ་སི་མཚོ་ཁུགས་དང་ཧའོ་ཨར་མུའུ་ཙི་མཚོ་འགག་ས་ཁུལ་དུ་ཞི་བདེ་དང་བདེ་འཇགས་མངོན་འགྱུར་བྱེད་པར་འབྲེལ་ཡོད་ཟེར།


热门新闻

热门图库

热门排行