གནད་བསྡུས། 详情

རྩྭ་ཐང་གི་བྱིས་པ་ཚོའི་ཕུགས་འདུན་ལ་འོད་སྣང་བསྩོལ་མཁན།

ཞིན་ཧེ་རྫོང་གི་དཔལ་ཁའི་རྩྭ་ཐང་དུ་དགེ་རྒན་འདི་འདྲ་ཞིག་ཡོད་དེ། ཁོས་འབྲོག་ཁུལ་གྱི་ཁྲིད་སྟེགས་སུ་ལོ་འཁོར22འདས་ཤིང་།སྐད་གཉིས་སློབ་ཁྲིད་ཀྱི་སྣེ་ཁྲིད་པ་ཞིག་ཡིན་པ་མ་ཟད། བྱིས་པ་ཚོའི་འཚར་ལོངས་ཀྱི་ལམ་བུའི་སྟེང་གི་མུན་སེལ་སྒྲོན་མེ་ཞིག་ཀྱང་ཡིན། ཁོས་གསར་གཏོད་ལ་བརྟེན་ནས་ཤེས་བྱའི་མེ་ལྕེ་སྦར་བར་བྱེད་པ་དང་གཅེས་སེམས་ལ་བརྟེན་ནས་རྩྭ་ཐང་སྲུང་སྐྱོང་བྱེད་ཀྱི་ཡོད། ཁོ་ནི་དཔལ་ཁ་གྲོང་བརྡལ་མི་རིགས་བཅའ་སྡོད་ལུགས་ཀྱི་སློབ་ཆུང་གི་ཀུན་སྤྱོད་སློབ་གསོའི་སློབ་གཙོ་སྟེ་དགེ་རྒན་བྲག་བརྟན་སྐྱབས་རེད།

གསར་འགོད་པས་བྲག་བརྟན་སྐྱབས་མཐོང་སྐབས།ཁོས་རྒྱལ་དར་འོག་ན་གཏམ་བཤད་གནང་བཞིན་ཡོད།ད་ལོ་ལོ42ལ་སླེབས་པའི་བྲག་བརྟན་སྐྱབས2004ལོར་སློབ་ཆེན་ནས་ཐོན་རྗེས་རྩྭ་ཐང་གི་སློབ་ཆུང་འདིར་ཡོང་ནས། བྱ་བར་ཐོག་མར་ཞུགས་སྐབས་ཁོས་གཟའ་འཁོར་རེར་དབྱིན་ཡིག་དང་བོད་ཡིག་སློབ་ཚན་ཐེངས25ཁྲིད་ཀྱིན་ཡོད་ཀྱང་། བྱིས་པ་ཚོས་རྨང་གཞི་ཞན་ཡང་ཤེས་བྱ་སྦྱངས་པའི་སྤྲོ་བ་ཆེན་པོ་ལྡན། ཁོ་ཡུན་ནན་དང་བོད་ལྗོངས་སུ་སྔོན་ཐོན་གྱི་སློབ་ཁྲིད་བྱེད་ཐབས་ཐེངས་གཉིས་ལ་སྦྱངས་བར་སོང་ནས། དངོས་རྫས་སློབ་ཁྲིད་དང་དྲི་བ་དྲིས་ནས་མཉམ་འགུལ་བྱེད་པ་སོགས་སློབ་ཁྲིད་བྱེད་ཐབས་རིགས་བཞི་བཏོད་ནས། རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་ཏུ་ཁྱབ་གདལ་དུ་བཏང་བས་བྱིས་པ་ཚོས་ལྷོད་གཡེང་གི་ངང་ནས་སློབ་ཁྲིད་ཀྱི་རྗེས་ཆོད་པར་བྱས། བསྟུད་མར་ལོ་གསུམ་ལ། ཁོས་ཁྲིད་པའི་འཛིན་གྲྭ་དེ་རྫོང་ཡོངས་ཀྱི་ལོ་རིམ་དྲུག་པའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་ཁྲོད་ཀྱི་མདུན་གྲལ་དུ་ཚུད།

དཔལ་ཁ་གྲོང་བརྡལ་མི་རིགས་བཅའ་སྡོད་ལུགས་ཀྱི་སློབ་ཆུང་གི་སློབ་གཙོ་འཇམ་དཔལ་རྒྱལ་གྱིས་བཤད་རྒྱུར། དགེ་རྒན་བྲག་བརྟན་སྐྱབས་ནི་རྫོང་རིམ་པའི་ཕུལ་བྱུང་དགེ་རྒན་ཞིག་ཡིན་པ་མ་ཟད། ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་ལེགས་པ་ཞིག་ཀྱང་ཡིན། ཁོའི་ཀུན་སྤྱོད་སོགས་གང་ཡིན་རུང་ཚང་མས་ཕན་ཚུན་སློབ་སྦྱོང་བྱེད་པའི་དཔེ་བཟང་དགེ་རྒན་ཞིག་ཡིན་པ་དང་། ལྷག་པར་དུ་སློབ་གསོ་སློབ་ཁྲིད་ཐད་དེ་བས་མངོན་གསལ་དོད་པ་དང་། དབྱིན་ཡིག་དང་བོད་ཡིག་སློབ་ཁྲིད་ཀྱང་ཚན་ཁག་ཁག་གི་དགེ་རྒན་གྱིས་སློབ་སྦྱོང་བྱེད་པའི་དཔེ་མཚོན་ཞིག་ཡིན་ལ།ད་ལྟ་ཁོ་ང་ཚོའི་སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་ཁྲུའུ་ཡི་སློབ་གཙོ་གཞོན་པ་ཡིན་པའི་ངོས་ནས་བལྟས་ན། དགེ་རྒན་དང་སློབ་མ་གང་ཡིན་རུང་ཚང་མའི་སློབ་སྦྱོང་གི་དཔེ་མཚོན་དུ་གྱུར་བའི་དགེ་རྒན་བཟང་པོ་ཞིག་ཏུ་བརྩི་བཞིན་ཡོད་ཟེར།

སློབ་ཁྲིད་ཀྱི་བྱ་བ་ལེགས་པོ་སྒྲུབ་པའི་དུས་མཚུངས་སུ། བྲག་བརྟན་སྐྱབས་ཀྱིས་ཀུན་སྤྱོད་སློབ་གསོ་གཙིག་ཆེན་དུ་བཟུང་ནས།ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་དང་ཀུན་སྤྱོད་སློབ་གསོའི་སློབ་གཙོ་ཡིན་པའི་ངོས་ནས། ཁོས་བཅའ་སྡོད་ལུགས་ཀྱི་སློབ་གྲྭའི་རྒྱུན་གཏན་གྱི་ཚད་གཞི་བཟོས་ཏེ་སློབ་གསོའི་ནང་མཉམ་འདྲེས་ཐུབ་པར་བྱས་པ་དང་། གསར་དུ་བཙུགས་པའི་སྐེ་དཀྲིས་དམར་པོ་ཞེས་པའི་རྒྱང་བསྒྲགས་ས་ཚིགས་དེ་སློབ་མ་ཚོའི་བསམ་པའི་རོལ་རྩེད་ཁང་དུ་གྱུར་ལ། ཁོས་བརྩམ་པའི་སློབ་རའི་གླུ་གཞས《བློ་རིག་འདི་ནས་འཕེལ་བྱུང》ཞེས་པས་སློབ་མ་ཚོའི་མཐུན་སྒྲིལ་གཅིག་ཏུ་བསྒྲིལ་ཡོད ལོ་ངོ22རིང་ལ། ཁོ་འཛིན་གྲྭའི་ཀྲུའུ་རེན་ནས་ཀུན་སྤྱོད་སློབ་གསོའི་སློབ་གཙོར་གྱུར་མོད། འོན་ཀྱང་སློབ་མར་སེམས་ཁུར་བྱ་རྒྱུ་དེ་དུས་ནམ་ཡང་འགྱུར་མེད་ལ། རང་ཉིད་ཀྱི་བྱ་སྤྱོད་དེ་སློབ་མའི་སེམས་ཁོངས་ནས་བློས་འགེལ་ཆོག་པའི་རྟེན་སར་གྱུར་ཡོད།

ཞིན་ཧེ་རྫོང་དཔལ་ཁ་གྲོང་བརྡལ་མི་རིགས་བཅའ་སྡོད་ལུགས་ཀྱི་སློབ་ཆུང་གི་སློབ་མ་གཡུ་འབྲུག་ལྷ་མོས་བཤད་རྒྱུར། ང་ཚོ་ཚང་མ་དགེ་རྒན་བྲག་བརྟན་སྐྱབས་ལ་ཧ་ཅང་དགའ་པོ་ཡོད། སློབ་སྦྱོང་ཐད་ཁོང་གིས་ཅུང་དཀའ་བའི་ཤེས་བྱ་དེ་སྤྲོ་སྣང་ལྡན་པའི་ནང་དོན་དུ་བསྒྱུར་ནས་ཁྲིད་པ་དང་། འཚོ་བའི་ཁྲོད་ཁོང་ཡང་ང་ཚོ་དང་མཉམ་དུ་རྩེད་མོར་རྩེ་ལ། ང་ཁོང་ལ་ཧ་ཅང་དགའ་པོ་ཡོད་པས། ཨ་ཕ་དགེ་རྒན་ཞེས་འབོད་ཀྱི་ཡོད་ཟེར།

ལོ་ངོ་ཉི་ཤུའི་རིང་གི་འབད་འབུངས་བྱས་པ་བརྒྱུད་ནས་གཡུར་ཟའི་འབྲས་བུ་བླངས་ཡོད།སྔ་གཞུག་ཏུ་རྫོང་རིམ་པའི་སློབ་ཁྲིད་མཁས་པ་དང་། མཚོ་ལྷོ་ཁུལ་གྱི་ཕུལ་བྱུང་འཛིན་གྲྭའི་ཀྲུའུ་རེན་བཅས་ཀྱི་མཚན་སྙན་ཐོབ་ལ། 2014ལོར་ཁོར་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་ལ་བདམས་པ་དང་། 2019ལོར་མཚོ་སྔོན་ཞིང་ཆེན་གྱི་དཔེ་ཁྲིད་གཤིས་སྐྱོང་གི་དཔེ་བཟང་དང་མཚོ་སྔོན་ཞིང་ཆེན་གྱི་སྔོན་ཐོན་ལས་དོན་པ་ཞེས་པའི་མཚན་སྙན་ཡང་ཐོབ། གཟི་བརྗིད་ཀྱི་དཔང་ཡིག་ཐོབ་པ་བཅས་ལས་རྩྭ་ཐང་དགེ་རྒན་འདིས་བརྩེ་སེམས་དང་བློས་གཏོང་ཕོད་པའི་སྙིང་སྟོབས་བདེན་དཔང་བྱས་ཡོད།

 ཞིན་ཧེ་རྫོང་དཔལ་ཁ་གྲོང་བརྡལ་མི་རིགས་བཅའ་སྡོད་ལུགས་ཀྱི་སློབ་ཆུང་གི་ཀུན་སྤྱོད་སློབ་གསོའི་སློབ་གཙོ་བྲག་བརྟན་སྐྱབས་ཀྱིས་བཤད་རྒྱུར། ང་གནས་འདི་ནས་འཚར་ལོངས་བྱུང་ལ། སློབ་གསོའི་བྱ་བར་ཞུགས་པའི་ཚུན་དུ། སློབ་གྲྭ་འདིའི་སློབ་མ་ཚོར་བརྩེ་དུང་ཟབ་མོ་ཡོད། ངས་མུ་མཐུད་ནུས་ཤུགས་ཡོད་རྒུས་རང་འཁྲིའི་བྱ་བ་ལེགས་པར་བསྒྲུབས་ནས། ཕུལ་བྱུང་སློབ་མ་དེ་བས་མང་པོ་སྐྱེད་སྲིང་བྱ་རྒྱུ་ཡིན་ལ། སློབ་མ་ཚོས་ཤེས་བྱར་བརྟེན་ནས་ཕྱི་རོལ་ཡུལ་དུ་འགྲོ་ཐུབ་པ་བྱུང་ན། ངས་རྩྭ་ཐང་ནས་ལོ་མང་པོར་སློབ་གསོའི་ལས་དོན་ལ་གཞོལ་བར་རིན་ཐང་ཆེན་པོ་ལྡན་ཟེར།

སློབ་གྲྭ་ནས་མཐར་ཕྱིན་པའི་གཞོན་ནུ་ཞིག་ནས་ད་ལྟའི་སློབ་མ་ཚོའི་ཁ་ནས་ཨ་ཕ་དགེ་རྒན་ཞེས་འབོད་པའི་བར། བྲག་བརྟན་སྐྱབས་ཀྱིས་སློབ་གསོའི་བྱ་བར་འབད་འབུངས་བྱས་ཏེ། འབྲོག་ཁུལ་དུ་སློབ་གསོར་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཐོག་མའི་བསམ་འདུན་བརྗེད་མེད། ཁོ་ནི་རྩྭ་ཐང་དང་འབྲོག་ཁུལ་གྱི་སློབ་མའི་ལམ་སྟོན་སྒྲོན་མེ་ལྟ་བུར་གྱུར་ཡོད་པ་ཟད། མཚོ་ལྷོ་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལའང་བྱས་རྗེས་མི་དམན་པ་བཞག་ཡོད།


热门新闻

热门图库

热门排行