ཞི་ཅིན་ཕིང་དང་ཐུང་ལུན་རྣམ་གཉིས་ཀྱིས་ཀྲུང་གོ་དང་ལའོ་ཝུའོ་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར65ལོན་པར་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྤྲིངས་བ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྤྲིངས་ནས། རྒྱལ་ཁབ་གཉིས་ཀྱི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར65ལོན་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ལའོ་རྒྱལ་ཁབ་གཉིས་ནི་ལས་དབང་གཅིག་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། ཕུགས་བསམ་དང་དད་སེམས་གཅིག་མཐུན་ཡིན་ཞིང་། སྤྱི་ཚོགས་ལམ་ལུགས་གཅིག་མཚུངས་ཡིན་ལ། འཕེལ་རྒྱས་ཀྱི་ལམ་བུ་འདྲ་མཚུངས་བཅས་ཡིན་པས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་རྒན་རབས་རྣམས་ཀྱིས་གསར་སྐྲུན་བྱས་པའི“བློ་མཐུན་དང་སྤུན་ཟླའི”བརྩེ་སེམས་ཡུན་རིང་དུ་བརྟན་པོར་གནས་ཡོད། དེང་སྐབས། ཕྱོགས་གཉིས་ཀྱིས་ཚད་གཞི་མཐོ་བ་དང་། སྤུས་ཚད་མཐོ་བ། ཆུ་ཚད་མཐོ་བ་བཅས་ཀྱི་ཀྲུང་གོ་དང་ལའོ་ཝུའོ་ཡི་ལས་དབང་གཅིག་མཐུན་ཚོགས་པ་མགྱོགས་མྱུར་སྒོས་གཏོད་བཞིན་ཡོད་པས། རིམ་པ་སོ་སོ་བར་གྱི་འགྲོ་འོང་སྔར་བས་ཇེ་ཟབ་ཏུ་ཕྱིན་ཡོད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བཞིན་ཡོད་ལ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ས་ཁུལ་དང་འཛམ་གླིང་ལ་རྩ་ཆེའི་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་སྣོན་བཞིན་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་མ་འོངས་པའི་ངོས་ནས། ཀྲུང་གོ་དང་ལའོ་ཝུའོ་ཡི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ལའོ་ཝུའོ་ནི་ཀྲུང་གོའི་མཐའ་སྐོར་ཕྱི་འབྲེལ་གྱི་ཁ་ཕྱོགས་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད། ངས་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ལའོ་ཝུའོ་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར65ལོན་པ་དང་།“ཀྲུང་གོ་དང་ལའོ་ཝུའོ་ཡི་མཛའ་བརྩེ་ལོ”གོ་སྐབས་སུ་བཟུང་ནས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲོལ་རྒྱུན་གྱི་མཛའ་བརྩེ་དར་སྤེལ་བཏང་ནས་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་པོ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད།
ཐུང་ལུན་གྱིས་བསྟན་དོན། ཕྱི་འབྲེལ་བཙུགས་པའི་ལོ་ངོ65རིང་། ཏང་གཉིས་དང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་སྐྱིད་སྡུག་མཉམ་མྱོང་གི་མཛའ་བརྩེ་འབྲེལ་བ་སྔར་ལས་ཇེ་བཟང་དུ་སོང་ཡོད་ལ། ལའོ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་གཡུར་ཟའི་གྲུབ་འབྲས་བླངས་ཡོད། ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་དུས་ཡུན་རིང་པོར་རྒྱབ་སྐྱོར་དང་རོགས་སྐྱོར་རྩ་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལའོ་ཝུའོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ནས། ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་ལའོ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པའི་ལོ་ལྔའི་འགུལ་སྐྱོད་འཆར་གཞི་གསར་པ་མུ་མཐུད་དུ་དོན་འཁྱོལ་ཡག་པོ་བྱས་ནས། ལའོ་ཀྲུང་གི་སྲོལ་རྒྱུན་མཛའ་མཐུན་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་གཡུར་ཟའི་གྲུབ་འབྲས་གསར་པ་ལེན་འདོད་ཡོད།
ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ལའོ་ཝུའོ་སྲིད་གཞུང་གི་ཙུང་ལི་སུང་སའེ་དང་ཕན་ཚུན་བར་རྟེན་འབྲེལ་གློག་འཕྲིན་སྤྲིངས། ལི་ཆང་གིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀའི་ཆེས་མཐོའི་མགོ་ཁྲིད་པའི་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་ལ་བརྩི་སྲུང་བྱས་ནས། རྒྱལ་ཁབ་གཉིས་ཀྱི་པུའུ་ཨུ་སོ་སོ་དང་ས་གནས་སོ་སོས་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་དང་། མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་སྐྱེད་སྲིང་བྱས་ཏེ། ཀྲུང་ལའོ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་དངོས་སྒྲུབ་ཀྱི་གྲུབ་འབྲས་དེ་བས་མང་པོ་ཐོབ་པར་སྐུལ་འདེད་གཏོང་དགོས།
སུང་སའེ་ཡིས་བསྟན་དོན། ལོ་ངོ65ཡི་རིང་། ལའོ་ཀྲུང་གི་སྲོལ་རྒྱུན་མཛའ་བརྩེ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་ཡོད། ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ལའོ་ཀྲུང་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར65ལོན་པ་དང་། “ལའོ་ཀྲུང་གི་མཛའ་བརྩེ་ལོའི”རྟེན་འབྲེལ་བྱེད་སྒོ་སོ་སོ་ཡག་པོ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཁེ་ཕན་སྔར་ལས་མང་པོ་བསྐྲུན་འདོད་ཡོད། །