རང་ཁུལ་གྱིས་ལྔ་གཅིག་བསུ་བའི་བྱ་འགུལ་སྤེལ་བ།
རང་ཚགས་པར་གྱི་འཕྲིན། རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་། ངལ་རྩོལ་ལ་གཟི་བརྗིད་ལྡན་པ་དང་དངོས་སྒྲུབ་བརྩོན་ལེན་གྱི་སྤྱི་ཚོགས་ཁོར་ཡུག་ལེགས་པོ་བཏོད་ནས་རྒྱ་ཆེའི་ལས་བྱེད་ལས་བཟོ་པའི་བསམ་བློའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་གཏོང་ཆེད། ཟླ4པའི་ཚེས24ཉིན། རང་ཁུལ་གྱིས་བཟོ་ཚོགས་རྟགས་མའི་ལས་བཟོ་པའི་ཐག་འཐེན་འགྲན་བསྡུར་གྱི་བྱ་འགུལ་དེ་ཁུལ་རིག་གནས་སྨྱན་སྦྱོར་ཐང་ཆེན་དུ་སྤེལ།
ཐེངས་འདིའི་འགྲན་བསྡུར་བྱ་འགུལ་ནི་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཁུལ་སྤྱིའི་བཟོ་ཚོགས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པ་དང་། ཁུལ་ཡོངས་ཀྱི་ལས་ཁུངས་དང་། ཁེ་དོན་ལས་སྡེ་ཚན། གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་འཐུས་མིའི་རུ་ཁག32དང་ལས་བཟོ་པ380ལྷག་འགྲན་བསྡུར་ཁྲོད་ཞུགས་ཡོད། འགྲན་བསྡུར་གྱི་སྒྲིག་སྲོལ་ཚད་ལྡན་དང་གཟབ་ནན་ཡིན་ཞིང་། ཚན་ཆུང་ཁག་བགོས་ཀྱི་འཁོར་རྒྱུག་དང་སྣོལ་སྡེབ་འདོར་ལེན་ཟུང་འབྲེལ་གྱི་འགྲན་བསྡུར་ལམ་ལུགས་སྤྱད་པ་རེད། འགྲན་བསྡུར་ཡུལ་དངོས་སུ་འདུ་འཛི་ཤིན་ཏུ་ཆེ་ལ། ཤན་འབྱེད་པས་བརྡ་བརྒྱབ་པ་དང་མཉམ་དུ་འགྲན་ཞུགས་པ་ཚང་མས་ཐག་པར་དམ་པོར་འཇུས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་གོམ་སྟབས་གཅིག་གྱུར་གྱིས་ཐག་འཐེན་འགྲན་བསྡུར་བྱས་ནས། མཐུན་སྒྲིལ་མཉམ་ལས་དང་ཞུམ་མེད་འབད་འཐབ་ཀྱི་ཚོགས་པའི་སྙིང་སྟོབས་གང་ལེགས་མངོན་པར་བྱས་ཡོད།
ཐེངས་འདིའི་བཟོ་ཚོགས་རྟགས་མའི་རིག་རྩལ་བྱ་འགུལ་ནི་སྟོབས་ཤུགས་དང་མཉམ་ལས་ཟུང་དུ་སྦྲེལ་བའི་འགྲན་བསྡུར་ཞིག་ཡིན་པ་མ་ཟད། སྟོབས་ཤུགས་གཅིག་སྒྲིལ་དང་ལུས་སེམས་བདེ་ལ་བཀོད་པའི་ལག་ལེན་ཞིག་ཀྱང་ཡིན། ལས་རིགས་སོ་སོ་དང་ལས་ཁུངས་སོ་སོའི་བར་གྱི་མཛའ་འབྲེལ་གཏིང་ཇེ་ཟབ་ཏུ་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་སྟེ། ལས་བཟོ་པའི་ཐུན་མོང་གི་གཟི་བརྗིད་དང་ཚོགས་པའི་འདུ་ཤེས་མཐོ་རུ་བཏང་ཡོད།