མཚོ་ལྷོས་མུ་མཐུད་དུ་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུའི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བསྣན་པ།
རང་ཚགས་པར་གྱི་འཕྲིན། ཟླ4པའི་ཚེས25ཉིན། གསར་འགོད་པས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ནས་རྒྱུས་ལོན་བྱས་པ་ལྟར་ན། རང་ཁུལ་གྱིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་གཞིར་བཟུང་། སྐྱེ་ཁམས་སྲུང་སྐྱོང་དང་གྲོང་གསེབ་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུའི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བསྣན་ཏེ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།
ཟླ4པའི་ཚེས24ཉིན་བར་རང་ཁུལ་གྱིས་སྡེ་བ240ཡི་འཚོ་བའི་བཙོག་ཆུ་གཙང་སེལ་བྱས་ཏེ། གཙང་སེལ་བྱེད་ཚད56.34%ལ་སླེབས་ཡོད་ལ། དེའི་ནང་ཁྲི་ཀ་རྫོང་གི་གཙང་སེལ་བྱེད་ཚད70.5%ལ་སླེབས་ནས་ཞིང་ཆེན་ཡོངས་ཀྱི་སྔོན་དུ་བསྐྱོད་ཡོད། རང་ཁུལ་གྱིས་ཁྱོན་བསྡོམས་པའི་མ་དངུལ་སྒོར་དུང་ཕྱུར2.93བཏང་སྟེ།སྡེ་བ77གྱི་སྦུག་ལམ་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་དང་། གཅིག་འདུས་ཅན་གྱི་བཙོག་ཆུ་གཙང་སེལ་ས་ཚིགས169བཀོལ་སྤྱོད་བྱས་ཏེ་ཕྱོགས་ཡོངས་ཀྱི་བཙོག་ཆུ་གཙང་སེལ་བྱེད་པའི་རྣམ་པ་ཞིག་ཆགས་ཡོད།
བཅོས་སྐྱོང་བྱེད་པའི་གོ་རིམ་ཁྲོད། རང་ཁུལ་གྱིས་ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་བའི་ཇུས་གཞི་ལག་ཏུ་བསྟར་ཏེ།མཐོ་སྒང་འབྲོག་ཁུལ་གྱི་ཁྱད་ཆོས་དང་མཐུན་པའི་བཅོས་སྐྱོང་ལམ་བུ་ཞིག་ཧུར་ཐག་གིས་འཚོལ་ཞིབ་བྱས།
ཁྲི་ཀ་རྫོང་གིས་མ་དངུལ་སྒོར་ཁྲི1500བཏང་སྟེ། ལ་ཟེ་བ་གྲོང་རྡལ་ལྷ་ཁང་ཐང་སོགས་སྡེ་བ4རུ་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་ཁ་ཐོར་འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱེད་པའི་ཚོད་ལྟའི་ལས་གཞི་ཐོག་མ་ལག་བསྟར་བྱས་ཏེ། ཁྱབ་གདལ་བཏང་ཆོག་པའི་བཅོས་སྐྱོང་དཔེ་མཚོན་གྲུབ་ཡོད་ལ། དེ་དང་ཆབས་ཅིག ཕྱོགས་གསུམ་པའི་ཆེད་ལས་གཉེར་སྐྱོང་ལམ་སྲོལ་གསར་གཏོད་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་འཚོ་བའི་བཙོག་ཆུ་རིག་ནུས་ཅན་གྱི་གཉེར་སྐྱོང་ལྟ་སྐུལ་དོ་དམ་སྟེགས་བུ་ཐོག་མ་བཙུགས་ནས་སྤྱོད་མགོ་བཙུགས་ཤིང་། སྒྲིག་ཆས་གཉེར་སྐྱོང་རིག་ནུས་ཅན་དང་ཞིབ་ཚགས་ཅན་གྱི་དོ་དམ་མངོན་འགྱུར་བྱུང་སྟེ། འཛུགས་སྐྲུན་དང་དོ་དམ་ལ་མཉམ་དུ་མཐོང་ཆེན་བྱེད་པའི་ཡུན་རིང་འཁོར་སྐྱོད་ཀྱི་བཅོས་སྐྱོང་བྱེད་སྟངས་གྲུབ་ཡོད།
དུས་མཚུངས་སུ།རང་ཁུལ་གྱིས་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་སེལ་བཟོ་གྲྭའི་འཁོར་སྐྱོད་གནས་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱས་ཏེ། གཅིག་སྡུད་རྣམ་པའི་བཙོག་ཆུ་གཙང་སེལ་བཟོ་གྲྭ69ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་དང་། གནད་དོན་དག་ཐེར་ལ་སྐུལ་འདེད་བཏང་སྟེ།སྒྲིག་ཆས་བརྟན་པོའི་ངང་འཁོར་སྐྱོད་དང་ཚད་གཞི་ལོན་པར་ཕྱིར་འབུད་བྱེད་པར་ཁག་ཐེག་བྱས་ལ། མ་ལག་ལྡན་པའི་སྒོ་ནས་བཅོས་སྐྱོང་དང་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་བྱས་པ་བརྒྱུད། རང་ཁུལ་གྱི་ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་ཚལ་རྔ་འགག་ཆུ་མཛོད་ཁུལ་གྱི་ཆུའི་རྒྱུ་སྤུས་ཀྱི་ཚད་གཞི་ལོན་ཚད100%ལ་སླེབས་པ་རྒྱུན་འཁྱོངས་ཐུབ་ཡོད་ལ། ཁྲི་ཀའི་ཕྱིར་གཏོང་ས་མཚམས་ཀྱི་ཆུའི་རྒྱུ་སྤུས་དུས་ཡུན་རིང་པོརⅡརིམ་པའི་ཚད་གཞི་ཡན་དུ་བརྟན་པོར་གནས་པ་དང་། ཆུ་རྒྱུན་མང་པོ་ཞིག་གི་རྒྱུ་སྤུས་ཀྱི་ཆ་སྙོམས་ཚད་གཞི་ཆུའི་བྱེད་ནུས་ཁུལ་གྱི་དམིགས་ཚད་ལ་སླེབས་ཡོད།།