རྒྱལ་སྤྱི། 详情

ཞི་ཅིན་ཕིང་དང་ཝེར་ཏེ་གླིང་ཟུར་གྱི་སྲིད་འཛིན་གྱིས་ཀྲུང་ཝེར་བར་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པར་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྤྲིངས་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཝེར་ཏེ་གླིང་ཟུར་གྱི་སྲིད་འཛིན་ནེ་ཝེ་སི་རྣམ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྤྲིངས་ནས། རྒྱལ་ཁབ་གཉིས་ཀྱི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཝེར་ཏེ་གླིང་ཟུར་བར་སྲོལ་རྒྱུན་མཛའ་མཐུན་དང་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་རྟག་ཏུ་བརྟན་ཡོད། དུས་རབས་ཕྱེད་ཀའི་རིང་། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱས་པ་དང་། འཕེལ་རྒྱས་དང་དམངས་འཚོའི་ཁྱབ་ཁོངས་སུ་ཕན་འབྲས་ལྡན་པར་མཉམ་ལས་བྱས་ནས། རྒྱལ་ཁབ་ཆེ་ཆུང་བར་ཕན་ཚུན་བརྩི་འཇོག་དང་མཛའ་མཐུན་མཉམ་ལས་ཀྱི་མིག་དཔེ་བསྟན་ཡོད། ངས་ཀྲུང་ཝེར་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། སྲིད་འཛིན་ནེ་ཝེ་སི་དང་མཉམ་དུ་འབད་བརྩོན་བྱས་ནས།  རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པ་འདི་གོ་སྐབས་སུ་བཟུང་ནས། སྲོལ་རྒྱུན་གྱི་མཛའ་མཐུན་རྒྱུན་མཐུད་དང་། དངོས་གཉེར་མཉམ་ལས་ཟབ་སྤེལ། ཕྱོགས་མང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་ཝེར་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ།  རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་འདོད་ཡོད།

ནེ་ཝེ་སི་ཡིས་བསྟན་དོན། ཝེར་ཏེ་གླིང་ཟུར་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱིས་དུས་རབས་ཕྱེད་ཀའི་ཚུན་གྱི་མཛའ་མཐུན་མཉམ་ལས་ལ་ཚད་མཐོའི་བསྔགས་བརྗོད་བྱེད་བཞིན་ཡོད་པ་དང་། ཀྲུང་གོས་ཝེར་ཏེ་གླིང་ཟུར་གྱི་རྒྱུན་མཐུད་འཕེལ་རྒྱས་ཐད་བྱས་རྗེས་རྩ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞུ་བ་ཡིན།  ཝེར་ཏེ་གླིང་ཟུར་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པ་གོ་སྐབས་སུ་བཟུང་སྟེ། ཆབ་སྲིད་ཀྱི་ཕན་ཚུན་ཡིད་རྟོན་སྲ་བརྟན་དུ་གཏོང་བ་དང་། སྤྱི་ཕན་གཉིས་ལས་ཟབ་སྤེལ་སྒོས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། །


热门新闻

热门图库

热门排行