གནད་བསྡུས། 详情

མཚོ་ལྷོ་ཁུལ་གྱིས་ཞིང་ཁྱིམ་དཔེ་ཁང་ལ་བརྟེན་ནས་དམངས་ཕན་སྲིད་ཇུས་བསྒྲགས།

   ཞིང་ལས་ལག་རྩལ་ལ་སློབ་སྦྱོང་བྱེད་པ་ནས་རིག་གནས་ཀྱི་བག་ཆགས་བཟང་པོ་ཞིག་ཐེབས་པའི་བར་དང་། རྒན་པའི་བསམ་བློ་རིག་གནས་འཚོ་བ་རོལ་སྟངས་ནས་བྱིས་པའི་ཞིབ་འཇུག་དང་སློབ་སྦྱོང་གི་བར། དེ་ནས་སྤྲོ་སྐྱིད་ལྡན་པའི་གོམས་སྲོལ་བསྒྱུར་བཅོས་ཀྱི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བར། མཚོ་ལྷོ་ཁུལ་གྱི་ཞིང་ཁྱིམ་དཔེ་ཁང་རེ་རེར་དཔེ་ཀློག་གི་རྣམ་པས་ཁེངས་ཤིང་། ཞབས་ཞུ་སྣ་མང་ལ་བརྟེན་ནས་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་གང་ལེགས་བསྐྲུན་ཡོད་པས། དཔེ་ཁང་དེ་དཔེ་དེབ་ཉར་འཇོག་བྱེད་ས་ཞིག་ཡིན་པར་མ་ཟད། སྡེ་མི་ཚོས་ཤེས་བྱ་བསྡུ་ལེན་དང་བསམ་ཚུལ་བརྗེ་རེས། ཕུགས་བསམ་མངོན་འགྱུར་བྱེད་པའི་བསམ་བློའི་གཞིས་ཁྱིམ་ཞིག་ཀྱང་ཡིན། 

གཞུང་དངོས། འཛམ་གླིང་དཔེ་ཀློག་ཉིན་མོ་ཐོན་ལ་ཉེ་བའི་སྐབས་འདིར། གུང་ཧོ་རྫོང་ས་གྲུ་བཞི་ཤང་ནགས་མཐའ་སྡེ་བའི་ཞིང་ཁྱིམ་དཔེ་ཁང་དུ་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས་འདུག་ལ། གནས་འདིར་གཞན་ལས་ལྷག་པའི་དཔེ་ཀློག་མཉམ་སྤྱོད་ཀྱི་བྱ་འགུལ་ཞིག་འཚོག་བཞིན་ཡོད། སྡེ་མི་ཚོ་མཉམ་དུ་བསྡད་ནས་དཔེ་ཀློག་དང་འཚོ་བའི་མྱོང་ཚོར་མཉམ་སྤྱོད་བྱས་ཏེ། འཆམ་མཐུན་གྱི་ཁོར་ཡུག་ལས་ཕན་ཚུན་གྱི་མཛའ་འབྲེལ་ཇེ་དམ་དུ་སོང་།

  གུང་ཧོ་རྫོང་ས་གྲུ་བཞི་ཤང་ནགས་མཐའ་སྡེ་བའི་སྡེ་མི་ཏུང་ཆིན་ལིན་གྱིས་བཤད་རྒྱུར། ང་ཚོ་སྡེ་བའི་ཞིང་ཁྱིམ་དཔེ་ཁང་གིས་ལས་དོན་སྒྲུབ་པ་ཧ་ཅང་བཟང་། ཁོམ་པ་བྱུང་ཚེ་དཔེ་ཁང་དུ་དཔེ་ཆར་བལྟ་བ་དང་རོལ་རྩེད་ཀྱི་བྱེད་སྒོ་སྤེལ་བ་ཕྱོགས་གང་ཅིའི་ཐད་ནས་ཧ་ཅང་སྟབས་བདེ་ཡིན་ཟེར།

  ཞིང་ཁྱིམ་དཔེ་ཁང་དེ་གཞི་རིམ་གྱི་སྤྱི་བའི་རིག་གནས་ཞབས་ཞུའི་གནས་གལ་ཆེན་ཞིག་ཡིན་པའི་ཐད་ནས། ཞིང་པའི་རིག་གནས་ཆུ་ཚད་མཐོར་འདེགས་དང་གྲོང་གསེབ་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། ནགས་མཐའ་སྡེ་བས་ཞིང་ཁྱིམ་དཔེ་ཁང་དེ་གྲོང་གསེབ་ཤེས་དཔལ་དང་བདེ་སྐྱིད་འཚོ་བ་མགོ་རྩོམ་སའི་གནས་གཙོ་བོ་ཞིག་ཏུ་གྱུར་ཡོད།

   གུང་ཧོ་རྫོང་ས་གྲུ་བཞི་ཤང་ནགས་མཐའ་སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཝང་ཀྲི་ཆིང་གིས་བཤད་རྒྱུར། ང་ཚོ་ནགས་མཐའ་སྡེ་བས་ཅན་བཅུའི་ཏང་འཛུགས་ཀྱི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། བསམ་བློའི་རིག་གནས་ཚོགས་ཆུང་གིས་ཞིང་ཁྱིམ་དཔེ་ཁང་ལ་བརྟེན་ནས་དམངས་ཡོངས་ཀྱི་དཔེ་ཀློག་བྱ་འགུལ་རྒྱུན་རྣམ་ཅན་དུ་སྤེལ་ཞིང་། དུས་ལྟར་གཅིག་སྡུད་སློབ་སྦྱོང་དང་དཔེ་ཀློག་མཉམ་སྤྱོད། སྲིད་ཇུས་སྒྲོག་འགྲེལ་སོགས་ཀྱི་རྣམ་པས་སྡེ་མི་ཚོར་ཏང་གི་རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་དང་འདེབས་འཛུགས་ལག་རྩལ། རིག་གནས་རྩོམ་རིག་སོགས་ཀྱི་དཔེ་དེབ་ལེགས་པོ་མཁོ་འདོན་བྱས་ཏེ། ཞིང་ཁྱིམ་དཔེ་ཁང་དེ་མང་ཚོགས་ཀྱིས་སློབ་སྦྱོང་བྱེད་སའི་གནས་གཙོ་བོ་ཞིག་ཏུ་འགྱུར་བར་བྱས་ཡོད།

   ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་ཞིང་ཁྱིམ་དཔེ་ཁང་ལ་བརྟེན་ཏེ་རིག་གནས་དང་ཟུང་འབྲེལ་བྱེད་པ་ཞེས་པའི་འཐབ་ཇུས་ལག་བསྟར་བྱས་ཏེ། མང་ཚོགས་ཞིང་ཁྱིམ་དཔེ་ཁང་དུ་བསྐྱོད་པར་ཁྲིད་སྟོན་དང་། གསར་གཏོད་ཀྱི་བྱ་ཐབས་རབ་དང་རིམ་པ་བཏོན་ནས་གྲོང་གསེབ་ཏུ་དཔེ་ཀློག་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན།  གྲོང་གསེབ་ཏུ་རྩ་བ་ཚུགས་པའི་རིག་གནས་ཀྱི་གནས་གཙོ་བོ་དེ་དག་གིས་གྲོང་གསེབ་ཀྱི་ཡུལ་སྲོལ་རིག་གནས་ལ་སྲུང་སྐྱོང་བྱེད་བཞིན་ཡོད་པར་མ་ཟད། འཕེལ་རྒྱས་ལ་རེ་བའང་བསྩལ་ཏེ་སྡེ་མི་ཚོར་དཔེ་ཀློག་ལས་ཤེས་བྱ་དང་ནུས་རྩལ། སྤྲོ་སྣང་བཅས་འཕེལ་བར་བྱས་ནས་གྲོང་གསེབ་དར་སྤེལ་ལ་བསམ་བློའི་སྒུལ་ཤུགས་བསྣན་ཡོད།


热门新闻

热门图库

热门排行