ཞུང་ཡོན་ལའེ་ཡིས་ཧྲང་ཧའེ་ཅིའུ་དབྱི་སྐྱེ་ཁམས་ཚན་རྩལ་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ཁྲེན་པེ་འཁོར་དང་བཅས་པར་ཐུག་འཕྲད་གནང་།
ཟླ4པའི་ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཧྲང་ཧའེ་ཅིའུ་དབྱི་སྐྱེ་ཁམས་ཚན་རྩལ་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ཁྲེན་པེ་འཁོར་དང་བཅས་པར་ཐུག་འཕྲད་གནང་བ་དང་། ཕྱོགས་གཉིས་ཀྱིས་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་རྟགས་འཛུགས་སྐྲུན་དང་ཁྱད་ལྡན་ཐོན་ལས་གསར་སྤེལ། འཁྱགས་ཟས་ཐོན་ལས་སྦྲེལ་ཐག་གི་ཟོག་སྐྱེལ་མཉམ་ལས་སོགས་ཀྱི་ཐད་བཞུགས་མོལ་བརྗེ་རེས་གཏིང་ཟབ་གནང་།
ཞུང་ཡོན་ལའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཁྲེན་པེ་འཁོར་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་དང་། ཅིའུ་དབྱི་སྐྱེ་ཁམས་ཚན་རྩལ་ཀུང་ཟིས་མཚོ་ལྷོ་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་མཐོང་ཆེན་གནང་བར་བཀའ་དྲིན་ཞུས། ཁོས་ཞིང་ཆེན་ཡོངས་ཀྱི་ཆེས་ཆེ་བའི་ཞིང་ཕྱུགས་ས་ཁུལ་ཤིག་ཡིན་པའི་ངོས་ནས། མཚོ་ལྷོ་ཁུལ་གྱི་ས་བབ་དང་སྐྱེ་ཁམས། འགྲིམ་འགྲུལ། ཐོན་ཁུངས་བཅས་ཀྱི་དགེ་མཚན་འབུར་ཐོན་ཡིན་པས། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་གསར་སྤེལ་ལས་སྣོན་དང་སྤུས་རྟགས་བསྐྲུན་པ་སོགས་ཀྱི་ཕྱོགས་ལ་མདུན་ལྗོངས་ཡག་པོ་ཡོད་ཅེས་བརྗོད་པ་དང་། ཅིའུ་དབྱི་སྐྱེ་ཁམས་ཚན་རྩལ་ཀུང་ཟིས་རང་ངོས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། ཉ་སལ་མོན་དང་ལུག་ནག ནོར་གནག་སོགས་ས་ཁམས་མཚོན་རྟགས་ཐོན་རྫས་ཀྱི་སྤུས་རྟགས་གཏོད་པའི་ཐད་དངོས་སྒྲུབ་མཉམ་ལས་བྱས་ཏེ། མཚོ་ལྷོ་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་དང་ཐོན་ཚད་བརྟན་པོ། ཐོན་ལས་སྦྲེལ་ཐག་ལ་ཁ་གསབ། ཕྱིར་གཏོང་རྒྱ་བསྐྱེད་པ་སོགས་ལ་རོགས་འདེགས་བྱེད་པར་རེ་བ་བཏོན་པ་དང་། མཚོ་ལྷོ་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་ཞབས་ཞུའི་འགན་སྲུང་ཡག་པོ་བསྒྲུབ་སྟེ། ཕྱོགས་གཉིས་ཀྱི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།
ཁྲེན་པེ་ཡིས་མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁེ་ལས་འཕེལ་རྒྱས་ཐད་རོགས་སྐྱོར་གནང་བར་བཀའ་དྲིན་ཞུས་པ་དང་། ཁོས་ཁེ་ལས་ཀྱི་འཁྱགས་ཟས་ཐོན་ལས་སྦྲེལ་ཐག་གི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཚོང་གཉེར་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཡུལ་དངོསསུ་བརྟག་ཞིབ་གཏིང་ཟབ་བྱས་ཏེ། ས་གནས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ཁུངས་དང་དངུལ་གཏོང་མཉམ་ལས་ཀྱི་མཐུན་གནས་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས་ནས། ཁེ་ལས་ཀྱི་འཁྱགས་ཟས་ཐོན་ལས་སྦྲེལ་ཐག་གི་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཁྱབ་གདལ་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་ལས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་མཚོ་ལྷོ་ཁུལ་དང་མཉམ་ལས་གཏིང་ཟབ་བྱས་ནས། ཁེ་ལས་འཚར་ལོངས་དང་ས་གནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།
ལི་ཀུའོ་ཞུང་བཞུགས་མོལ་ཚོགས་འདུའི་སྟེང་ཞུགས།