ཞི་ཅིན་ཕིང་གིས"དབྱི་ཝུའུ་འཕེལ་རྒྱས་ཀྱི་ཉམས་མྱོང"སྔར་ལས་ཕྱོགས་སྡོམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ་རང་སོ་སོའི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་པར་འཚོལ་ཞིབ་བྱེད་དགོས་པར་བསྟན།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། དབྱི་ཝུའུ་ཡི་ཚོང་ཟོག་ཆུང་ཆུང་ཁྲོམ་ར་ཆེན་པོར་བཏོན་པ་དང་། ཐོན་ལས་ཆེན་པོ་བཟོས་ནས། "དབྱི་ཝུའུ་ཡི་འཕེལ་རྒྱས་ཉམས་མྱོང"ཆགས་ཡོད་པ་དེ་ནི་ཡུལ་བབ་དང་བསྟུན་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་བཏང་བའི་གྲུབ་འབྲས་ལྡན་པའི་ལག་ལེན་ཡིན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཡང་དག་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བར་ཟུང་འབྲེལ་བྱས་ཏེ། "དབྱི་ཝུའུ་འཕེལ་རྒྱས་ཀྱི་ཉམས་མྱོང"སྔར་ལས་ཕྱོགས་སྡོམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ། ས་ཁུལ་སོ་སོས་རང་ངོས་ཀྱི་ཐོན་ཁུངས་ལ་གཞི་ཚུགས་པ་དང་། གཞི་རིམ་དང་མང་ཚོགས་ཀྱི་སྔར་མེད་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། གསར་གཏོད་བཅོས་སྒྱུར་དང་། དམ་འཛིན་དངོས་སྒྲུབ། སྙིང་རུས་གཏན་འཁྱོངས་བཅས་བྱས་ནས། རང་སོ་སོའི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཏེ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་སྔར་ལས་ལེགས་པོ་བྱེད་དགོས།
ཞི་ཅིན་ཕིང་ཀྲེ་ཅང་དུ་ལས་དོན་སྒྲུབ་པའི་རིང་། དབྱི་ཝུའུ་རུ་རྟོག་ཞིབ་ཐེངས་མང་པོ་ཕེབས་ནས། "དབྱི་ཝུའུ་འཕེལ་རྒྱས་ཀྱི་ཉམས་མྱོང"ཕྱོགས་སྡོམ་དང་ཁྱབ་གདལ་དུ་བཏང་། ལོ་འདི་དག་གི་རིང་། དབྱི་ཝུའུ་ཡིས"ཚོང་ཟོག་ཆུང་གྲས་དང་ཁྲོམ་ར་ཆེན་པོའི"ལེའུ་གསར་པ་རྒྱུན་ཆད་མེད་པར་བརྩམས་ནས། མིག་སྔར་ཚོང་ཟོག་ཆུང་གྲས་ཁྲོམ་རར་གཉེར་སྐྱོང་བྱེད་པའི་གཙོ་གཞི་ཁྲི126ལས་བརྒལ་ནས། རྒྱལ་ཁབ་དང་ས་ཁུལ230ལྷག་དང་ཉོ་འཚོང་འགྲོ་འོང་ཡོད་པ་དང་། 2025ལོར་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་བྱེད་ཚད་རྒྱལ་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)གྱི་ཨང་དང་པོར་སླེབས་ཡོད་པ་རེད། །