གུང་ཧོ་འོད་ནུས་གླིང་ཁུལ་དུ་རིག་ནུས་གཙང་ཕྱགས་འཕྲུལ་མི་སྤྱོད་མགོ་བརྩམས་པ།
2025ལོར། རྒྱལ་ཁབ་ནུས་ཁུངས་ཚོགས་པ་མཚོ་སྔོན་གུང་ཧོ་ཀུང་ཟིའི་ཞང་ཧུའེ་འོད་ནུས་གློག་འདོན་ས་ཚིགས་ཀྱི་འོད་ནུས་ཤེལ་ལེབ་ཀྱི་རང་འགུལ་གཙང་ཕྱགས་འཕྲུལ་མི་ཁག་དང་པོ་དངོས་སུ་སྤྱོད་མགོ་བརྩམས། མིག་སྔའི་བར། འཕྲུལ་མི་དེས་གཙང་ཕྱགས་ཁྱབ་ཁོངས་སྨི50000ལས་བརྒལ་ནས་གློག་འདོན་ས་ཚིགས་ཀྱི་ལས་ཆོད་དང་ཞིག་གསོའི་ཆུ་ཚད་མཐོ་རུ་བཏང་ཡོད།
རྒྱལ་ཁབ་ནུས་ཁུངས་ཚོགས་པ་མཚོ་སྔོན་གུང་ཧོ་ཀུང་ཟིའི་ཞང་ཧུའེ་འོད་ནུས་གློག་འདོན་ས་ཚིགས་སུ་མི་མེད་རང་འགུལ་གཙང་ཕྱགས་འཕྲུལ་མིས་གཙང་སྦྲ་བྱེད་བཞིན་ཡོད་ལ། མ་ལག་འདིས་གནམ་གཤིས་ལྟ་ཞིབ་ཚད་ལེན་དང་འཕྲིན་གཏོང་འཇུག་སྣེ་ལ་བརྟེན་ནས་རིག་ནུས་ཀྱི་ཞབས་ཞུའི་ཁྱབ་ཁོངས་ཆ་ཚང་བཙུགས་ཏེ། མིའི་རྩོལ་བ་ཁོ་ནར་བརྟེན་ནས་གཙང་སྦྲ་བྱེད་པའི་ཚད་བཀག་ལས་བརྒལ་བར་བྱས།
རྒྱལ་ཁབ་ནུས་ཁུངས་ཚོགས་པ་མཚོ་སྔོན་གློག་ཤུགས་ཚད་ཡོད་འགན་འཁྲི་ཀུང་ཟི་གུང་ཧོ་ནུས་ཁུངས་གསར་པའི་ཡན་ལག་ཀུང་ཟིའི་རྟེན་གཞིའི་ཞིག་གསོའི་འགན་སྲུང་པུའུ་ཡི་སྐོར་ཞིབ་པ་གཙོ་བོ་ཝང་པུན་ཧེན་གྱིས་བཤད་རྒྱུར། འདི་ནི་ང་ཚོའི་མི་མེད་གཙང་ཕྱགས་འཕྲུལ་མིའི་གནམ་གཤིས་ས་ཚིགས་ཡིན་ལ། དུས་མཚུངས་སུ་དེར་འཕྲིན་གཏོང་གི་ནུས་པའང་ལྡན། ང་ཚོས4Gསྐུད་མེད་འཕྲིན་གཏོང་བྱེད་ནུས་སྤྱད་དེ་སྒྲིག་ཆས་འདིར་ཆེད་གློག་མཁོ་འདོན་བྱེད་བཞིན་ཡོད་པ་དང་། འོད་ནུས་ཤེལ་ལེབ་འདིས་ཆེད་དུ་འཕྲུལ་མིར་གློག་མཁོ་འདོན་བྱེད་བཞིན་ཡོད། འདིའི་སྟེང་གི་དཔེ་དུམ་དཀར་པོས་འཚོལ་སྡུད་བྱས་པའི་ཆར་ཆུ་འབབ་ཚད་དང་རླུང་གི་གཞི་གྲངས་སྐུད་ལམ་ལས་བརྒྱུད་སྤྲོད་བྱས་ཏེ། དེའི་རྗེས་སུ་བར་སྐྱེལ་རླངས་འཁོར་གྱི་ཉིན་དེའི་གནམ་གཤིས་གནས་ཚུལ་བརྒྱུད་སྤྲོད་བྱས་ནས་འཁོར་སྐྱོད་བྱེད་ཐུབ་མིན་ལ་དབྱེ་འབྱེད་བྱེད་བཞིན་ཡོད། འཕྲུལ་མིས་གཙང་སྦྲ་བྱས་ཚར་རྗེས་གཙང་སྦྲའི་གནས་ཚུལ་གནམ་གཤིས་ས་ཚིགས་ལ་བརྒྱུད་སྤྲོད་བྱས་ན་དུས་མཉམ་དུ་སྤྱི་སྟེགས་སུའང་འབྱོར་བས། ང་ཚོས་གཙང་སྦྲའི་གཞི་གྲངས་དང་ཕན་འབྲས་དུས་ཐོག་ཏུ་མཐོང་ཐུབ་ཟེར།
མ་ལག་འདིས་དྲ་ལམ་སྤྱི་སྟེགས་དང་ས་གནས་ཀྱི་རྟེན་གཞི་གཉིས་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་དེ། གནམ་གཤིས་ས་ཚིགས་ཀྱི་གཞི་གྲངས་དང་མཉམ་འགུལ་གཏིང་ཟབ་བྱས་ནས། གནམ་གཤིས་སྔོན་བརྡའི་ཉེན་བརྡར་གཞིགས་ཏེ་བཀོལ་སྤྱོད་ཀྱི་འཁོར་ཚད་སྟབས་བསྟུན་གྱིས་སྙོམ་སྒྲིག་བྱས་ཆོག་པ་དང་། ཤེལ་ལེབ་སྟེང་གི་ས་རྡུལ་གྱི་གནས་ཚུལ་ལ་གཞིགས་ནས་གཙང་སྦྲ་བྱེད་ཐུབ་པ་རེད། དུས་མཚུངས་སུ་སྒྲིག་ཆས་ལ་གཙང་སྦྲའི་ལག་རྩལ་གྱི་བྱེད་ནུས་སྣ་ཚོགས་ལྡན་པས། འོད་ནུས་ཤེལ་ལེབ་སྟེང་གི་སྦགས་བཙོག་ལ་ཕན་ནུས་ལྡན་པའི་སྒོ་ནས་གཙང་སེལ་བྱ་ཐུབ།
རྒྱལ་ཁབ་ནུས་ཁུངས་ཚོགས་པ་མཚོ་སྔོན་གློག་ཤུགས་ཚད་ཡོད་ཀུང་ཟི་གུང་ཧོ་ནུས་ཁུངས་གསར་པའི་ཡན་ལག་ཀུང་ཟིའི་རྟེན་གཞིའི་ཞིག་གསོའི་འགན་སྲུང་པུའུ་ཡི་སྐོར་ཞིབ་པ་ཝང་ཝུན་ཐའོ་ཡིས་བཤད་རྒྱུར། ང་ཚོས་རང་འགུལ་གཙང་ཕྱགས་འཕྲུལ་མིར་རང་འདོན་གློག་དང་རང་གསོག་ནུས་པའི་བྱེད་ནུས་ཇུས་འགོད་བྱས་ཤིང་། གློག་ཁུངས་ལ་སྦྲེལ་མི་དགོས་པར་རང་འགུལ་གློག་ཆས་ལ་བརྟེན་ནས་ཕྱིར་བསྐྱོད་ཐུབ་པ་ཡིན། བར་གསེང་གཡོལ་ནས་འཁོར་བསྐྱོད་ཐུབ་པ་དང་འཕྲུལ་མི་གཅིག་གིས་འོད་ནུས་ཤེལ་ལེབ་དུ་མར་གཙང་སྦྲ་བྱ་ཐུབ་པས། གཙང་སྦྲ་བྱེད་པའི་ལས་ཕྱོད་ཧ་ཅང་མཐོ་བ་ཡིན་ཟེར།
ཚོད་རྩིས་བྱས་པ་ལྟར་ན། སྒྲིག་ཆས་བཀོལ་སྤྱོད་བྱས་རྗེས་གློག་འདོན་ས་ཚིགས་ཀྱི་ལོ་རེའི་གློག་འདོན་ཚད10%རུ་འཕར་ཏེ། རང་ཁུལ་གྱི་འོད་ནུས་རྟེན་གཞིའི་སྲུང་སྐྱོང་དང་ཞིག་གསོར་འདྲ་བཤུ་དང་ཁྱབ་གདལ་དུ་གཏོང་ཆོག་པའི་ཕུལ་བྱུང་མ་དཔེ་མཁོ་འདོན་བྱས་ཡོད།