རང་ཁུལ་གྱིས་དྭངས་གཙང་བྱིས་བློ་ཞེས་པའི་བྱིས་གླུ་མཉམ་སྤྱོད་ཀྱི་བྱེད་སྒོ་སྤེལ་བ།
ཟླ4པའི་ཚེས21ཉིན་གྱི་ཕྱི་དྲོར། དྭངས་གཙང་བྱིས་བློ་ཞེས་པའི་བྱིས་གླུ་མཉམ་སྤྱོད་ཀྱི་བྱེད་སྒོ་དེ་གུང་ཧོ་རྫོང་མཁར་བྱང་ཁུལ་གྱི་ཁྲའོ་ཧྭ་བྱིས་སྐྱོང་ཁང་དུ་སྤེལ་ཞིང་། དེ་ནི་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་དང་། མཚོ་ལྷོ་ཁུལ་དཔེ་མཛོད་ཁང་གིས་འགན་སྒྲུབ་གནང་བའི4.23འཛམ་གླིང་དཔེ་ཀློག་ཉིན་མོར་སྤེལ་བའི་བྱེད་སྒོ་ཞིག་ཡིན།
བྱེད་སྒོ་ལས་བྱིས་གླུ་མཉམ་སྤྱོད་དང་བྱེ་རིས་ཉམས་ལེན་ཁྱས་ཆོས་སུ་བཟུང་ནས། བྱིས་པ157དགའ་སྐྱིད་ཀྱི་ཀློང་ནས་དཔེ་ཀློག་ལ་རོལ་བ་དང་། མདོ་འཛིན་པས་མཚམས་སྦྱོར་ཐུང་ངུ་ཞིག་བྱས་རྗེས། བྱིས་པ་དག་གར་སྟེགས་སུ་བུད་དེ་བྱིས་གླུ་གྱེར་འདོན་དང་གཏམ་རྒྱུད་བརྗོད་ནས་རང་རང་གི་འཇོན་ཐང་ངོམས།
གུང་ཧོ་རྫོང་ཁྲའོ་ཧྭ་བྱིས་སྐྱོང་ཁང་གི་ཆེ་བཞི་འཛིན་གྲྭའི་བྱིས་པ་ཝང་ནན་གྱིས་བཤད་རྒྱུར། ངས་དེ་རིང་ཚང་མར༼གྲོད་པ་ཤིན་ཏུ་ལྟོགས་པའི་སྔོ་འབུ་ཆུང་ཆུང་༽ཞེས་པའི་གཏམ་རྒྱུད་ཞིག་བརྗོད་པ་ཡིན་ལ། དེའི་ནང་དུ་སྔོ་འབུ་ཆུང་ཆུང་ཞིག་བྱེ་མ་ལེབ་སྙིང་རྗེ་ཞིག་ཏུ་གྱུར་བའི་གོ་རིམ་བརྗོད་ཡོད། ཚང་མས་དཔེ་ཀློག་མང་པོ་བྱས་ཏེ་བྱིས་པའི་དཔེ་དེབ་ཀློག་རྒྱུར་དགའ་བ་དང་། གཏམ་རྒྱུད་ཁྲོད་ནས་འཚར་ལོངས་ཡག་པོ་ཞིག་འབྱུང་ཐུབ་པའི་རེ་བ་ཡོད་ཟེར།
དེའི་རྗེས་སུ་བྱེ་རིས་ཉམས་ལེན་གྱི་བྱེད་སྒོ་སྤེལ་བ་དང་། མཛུབ་ཁྲིད་དགེ་རྒན་གྱིས་བྱེ་མའི་སྣག་ཚ་དང་འོད་ཀྱི་ཤོག་བུའི་གསར་གཏོད་ཀྱི་རྣམ་པར་བརྟེན་ནས། བྱིས་པ་ཚོའི་སྣེ་ཁྲིད་དེ་བྱེ་རིས་སྒྱུ་རྩལ་ལ་མྱོང་རོལ་བྱས་ཤིང་། ཁོ་ཚོའི་བསམ་བློ་གཏོང་བའི་ནུས་པ་དང་གསར་གཏོད་ཀྱི་ནུས་པ་བྱེ་རིས་ལས་མངོན་པར་བྱས།
བྱེད་སྒོའི་མཇུག་ཏུ། མཚོ་ལྷོ་ཁུལ་དཔེ་མཛོད་ཁང་གིས་བྱིས་པ་རེར་སྤུས་ལེགས་ཤིང་དཔེ་ཀློག་དང་འཚམས་པའི་རིག་གནས་གསར་གཏོད་ཀྱི་ལེགས་སྐྱེས་ཆུང་ཆུང་རེ་བྱིན་ཏེ། བྱིས་པ་ཚོར་ཆུང་དུས་ནས་དཔེ་ཀློག་ལ་དགའ་བའི་གོམས་གཤིས་བཟང་པོ་ཞིག་ཆགས་པར་སྐུལ་མ་གནང་བ་དང་། དགེ་སློབ་དང་ལས་བྱེད་མི་སྣ་ཡོངས་ཀྱིས་མཉམ་པར་བླངས་ཏེ་བྱ་འགུལ་བདེ་བླག་ངང་མཇུག་སྒྲིལ།
གུང་ཧོ་རྫོང་ཁྲའོ་ཧྭ་བྱིས་སྐྱོང་ཁང་གི་མགོ་གཙོ་ཀྲང་ཝུན་གྱིས་བཤད་རྒྱུར། བྱིས་པ་ཚོར་གནང་བའི་ལེགས་སྐྱེས་ཆེས་ལེགས་ཤོས་ནི་དཔེ་ཀློག་ཡིན་ལ། ཐེངས་འདིར་ང་ཚོས་དཔྱིད་དུས་རྩྭ་ཐང་དུ་གཏམ་རྒྱུད་བརྗོད་པ་ཞེས་པའི་བྱེད་སྒོ་སྤེལ་ཏེ། བྱིས་པ་ཚོའི་དཔེ་ཀློག་གི་འདུ་ཤེས་སྐྱེད་སྲིང་བྱས་པ་ཡིན། བྱིས་པ་རྣམས་དཔེ་ཀློག་ལ་དགའ་བ་དང་དཔེ་ཀློག་གི་གོམས་གཤིས་བཟང་པོ་ཞིག་ཆགས་སུ་བཅུག་སྟེ། དཔེ་ཀློག་ལས་ཤེས་བྱ་དང་སྤྲོ་སྐྱིད་འཕེལ་བར་རེ་བ་ཆེན་པོ་བཅངས་ཡོད་ཟེར།