ཞིན་ཧེ་རྫོང་གིས་སྡོང་ཕྲུག་གསོ་སྐྱོང་གི་བྱ་བ་ལེགས་པར་བསྒྲུབས་པ།
བསྟུད་མར་ཉིན་ཤས་རིང་ལ། ཞིན་ཧེ་རྫོང་གི་ཧང་ཆུའི་སྡོང་ཕྲུག་ར་བའི་ནང་གི་ལག་རྩལ་པས་གོ་སྐབས་དམ་འཛིན་བྱས་ཏེ། སྡོང་ཕྲུག་གསོ་སྐྱོང་བྱེད་པ་སོགས་ཀྱི་ལས་ལ་བྲེལ་བཞིན་པས། རྣང་ཞིང་གི་བར་དུ་བྲེལ་ཟིང་གི་རྣམ་པས་ཁེངས་ཡོད།ལག་རྩལ་མི་སྣས་དངོས་སྒྲུབ་ལ་བརྟེན་ནས།ས་གནས་དེ་གའི་སྐྱེ་ཁམས་འཛུགས་སྐྱོང་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་རྨང་གཞི་བརྟན་པོ་འདིང་བཞིན་ཡོད།
གཞུང་དངོས། ཧང་ཆུའི་སྡོང་ཕྲུག་ར་བར་སོང་ཚེ་མིག་ལམ་དུ་མངོན་ཡོང་བའི་སྡོང་ཕྲུག་གི་སྐྱེས་སྟོབས་ལེགས་པས་མི་རྣམས་ལ་དགའ་འོས་པའི་ཚོར་སྣང་སྟེར་ཐུབ། ཁང་པའི་ཕྱི་རོལ་གྱི་རྣང་ཞིང་ནང་དུ་ལས་སྒྲུབ་མི་སྣས་ལས་བགོ་མཉམ་སྒྲུབ་བྱས་ཏེ།ལས་རིམ་ཚང་མར་གོ་རིམ་ལྡན་ལ་ཚད་ལྡན་ཡོང་བར་བྱས་ཡོད། སྡོང་ཕྲུག་གི་སྤུས་ཚད་མཐོ་རུ་གཏོང་ཆེད་སྡོང་ཕྲུག་གི་གདམ་གསེས་དང་ས་རྒྱུ་ཐག་གཅོད། ནད་འབུའི་གནོད་འཚེ་འགོག་བཅོས་སོགས་དམ་འཛིན་བྱས་ནས།ཚན་རིག་དང་མཐུན་པའི་དོ་དམ་སྲུང་སྐྱོང་ལག་རྩལ་ནང་འདྲེན་དང་སྡོང་ཕྲུག་གི་གྲུབ་ཚུལ་ལེགས་སྒྱུར་བྱས་ནས།མཚོ་སྔོན་གསོམ་སྡོམ་དང་ཆི་ལེན་ཤུག་པ་སོགས་ཁྱད་ལྡན་དཔལ་འབྱོར་སྡོང་ཕྲུག་གཙོ་གནད་སྒོས་གསོ་སྐྱོང་བྱེད་བཞིན་ཡོད།
ཞིན་ཧེ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུའུ་ཡི་ལག་རྩལ་པ་ཡོན་ཧྥུའུ་དབྱིས་བཤད་རྒྱུར། མིག་སྔར་ནི་སྡོང་ཕྲུག་གསོ་སྐྱོང་གི་འགག་རྩའི་དུས་ཚིགས་ཡིན་ལ། ང་ཚོས་ཉིན་རྒྱུན་ལག་རྩལ་གྱི་ཚད་གཞི་ལྟར་བཀོལ་སྤྱོད་ནན་མོ་བྱེད་པ་ནི། ས་གནས་ལ་འཚམ་པའི་སྤུས་ལེགས་སྡོང་ཕྲུག་གསོ་སྐྱོང་བྱ་རྒྱུ་དང་། གྲོང་བརྡལ་ཡོངས་ཀྱི་ནགས་སྐྲུན་ལྗང་སྒྱུར་དང་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་བསྐང་ཆེད་ཡིན་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ཧང་ཆུའི་སྡོང་ཕྲུག་ར་བས་སྡོང་ཕྲུག་སྤུས་ལེགས་སྣ་ཚོགས་རྐང་ཁྲི253.98གསོ་སྐྱོང་བྱེད་རྩིས་ཡོད་པ་དང་། དུས་མཚུངས་སུ་སྡོང་ཕྲུག་ར་བས་ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། སྡོང་ཕྲུག་འདེབས་འཛུགས་ཀྱི་ལག་རྩལ་མཛུབ་ཁྲིད་མཉམ་གཅིག་ཏུ་བྱས་ནས། འདེབས་འཛུགས་ཁྱིམ་ཚང་གི་དོ་དམ་སྲུང་སྐྱོང་ཆུ་ཚད་མཐོ་རུ་གཏོང་བར་རམ་འདེགས་བྱ་རྒྱུ་རེད།
ཞིན་ཧེ་རྫོང་ཆུ་སྔོན་གྲོང་བརྡལ་ཚེར་ནག་སྡེ་བའི་སྡེ་མི་དབྱང་ཡིའུ་ཀྲེན་གྱིས་བཤད་རྒྱུར། སྡོང་ཕྲུག་ར་བས་གསོ་སྐྱོང་བྱས་པའི་སྡོང་ཕྲུག་གི་སྐྱེས་ཚད་ལེགས་པ་དང་ལག་རྩལ་གྱི་ཁྲིད་སྟོན་བཅས་བྱས་པས། ང་ཚོར་འདེབས་འཛུགས་ཐད་ཡིད་ཆེས་སྔར་བས་ལྡན་པར་མ་ཟད། ད་ལོའི་འབབ་འཕར་ལའང་རྨང་གཞི་བརྟན་པོ་བཏིངས་ཡོད་ཟེར།