གུང་ཧོ་རྫོང་གིས་ལུད་རྫས་ཉུང་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བའི་འགུལ་སྤྱོད་དངོས་སུ་མགོ་བརྩམས་པ།
ཟླ4པའི་ཚེས21ཉིན། རིག་སྨོན་གྲོང་བརྡལ་རྒྱ་ཡེ་སྡེ་བས་སྐྱེ་ལྡན་ལུད་རྫས་དེ་སྡེ་མི་ཚོའི་ལག་ཏུ་སྤྲད་པ་དང་བསྟུན་ཏེ།གུང་ཧོ་རྫོང་གི2026ལོའི་ལུད་རྫས་ཉུང་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བའི་འགུལ་སྤྱོད་དངོས་སུ་མགོ་བརྩམས་ཤིང་། ལས་གཞི་དེའི་དམིགས་ཡུལ་ནི་ཚན་རིག་དང་མཐུན་པའི་ལུད་འཇོག་ལག་རྩལ་ལ་བརྟེན་ནས་ས་མུའུ་རེའི་འབྲུ་རིགས་དང་པད་ཁ་སོགས་ལོ་ཏོག་གི་ཐོན་ཚད་མཐོ་རུ་གཏོང་བ་དང་། ཞིང་ལས་ཀྱི་ངོས་ཁྱབ་སྦགས་བཙོག་བཀག་འགོག་བྱེད་པ་དང་། སྤུས་ཚད་མཐོ་བའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞིང་ཁྱིམ་གྱི་འབབ་འཕར་ལ་རོགས་རམ་བྱ་རྒྱུ་དེ་རེད།
རྒྱུས་ལོན་པ་ལྟར་ན་ལས་གཞིར་སྤྱིའི་མ་དངུལ་སྒོར་ཁྲི1684.86བཏང་བ་དང་། མ་དངུལ་དེ་ལྗང་མདོག་ཞིང་ལས་རྒྱུ་ཆ་ཉོ་སྒྲུབ་དང་ལས་ཕྱོད་ཆེ་བའི་ལས་སྒྲུབ་ཞབས་ཞུའི་ཐད་ཆེད་སྤྱོད་བྱ་རྒྱུ་རེད། ལས་གཞིའི་འཆར་གཞི་ལྟར་ན་ཚོང་ཟོག་གི་སྐྱེ་ལྡན་ལུད་རྫས་ཏུན་ཁྲི1.725དང་སྐྱེ་ལྡན་རྫས་བཅུད་ལོ་མའི་ལུད་རྫས་ཧའོ་ཧྲེང་ཁྲི50།སྔོ་ཚལ་གྱི་ཆུའི་བཞུ་རུང་ལུད་རྫས་སྤྱི་རྒྱ་ཁྲི2བཅས་མཁོ་འདོན་བྱ་རྒྱུ་ཡིན་པ་མ་ཟད། ས་མུའུ་ཁྲི17ལ་མི་མེད་གནམ་གྲུས་ལུད་རྫས(སྐྱེ་ལྡན་ལོ་མའི་ལུད་རྫས་ཧའོ་ཧྲེང་ཁྲི850ཆ་སྡེབ)གཏོར་ཏེ། ལུད་རྫས་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ་རེད།ལས་གཞིའི་སྤྱིའི་ལག་བསྟར་རྒྱ་ཁྱོན་ས་མུའུ་ཁྲི17.1ལ་ཟིན་པ་དང་། མཚོ་སྔོན་པོའི་ཆུ་མགོ་གསོ་སྐྱོང་ཁུལ་གྱི་ཅང་ཤེས་དང་རིག་སྨོན།རྟ་ནག་མ་དང་སྤྲེལ་ནག་བཅས་མཚོ་འགྲམ་གྱི་ཤང་གྲོང་བཞིར་ཁྱབ་ཡོད་པ་མ་ཟད། ས་གྲུ་བཞི་དང་ཆོས་རྗེ་ཤང་སོགས་རྫོང་ཡོངས་ཀྱི་ཤང་གྲོང10ལ་རྒྱ་བསྐྱེད་དེ་གཙོ་གནད་ས་ཁོངས་ཡོངས་སུ་ཁྱབ་པ་འགན་ལེན་བྱས་ཡོད།
གུང་ཧོ་རྫོང་དེ་མཚོ་སྔོན་པོའི་ཆུ་མགོ་གསོ་སྐྱོང་ཁུལ་གྱི་གཙོ་གནད་འགོག་སྲུང་ས་ཁོངས་ཤིག་ཡིན་པའི་ཆ་ནས། ལུད་རྫས་ཉུང་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བའི་འགུལ་སྤྱོད་བརྒྱུད། ལུད་རྫས་སྤྱོད་ཚད་ཇེ་ཉུང་དུ་གཏོང་བ་དང་ས་རྒྱུའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ།མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་བྱས་ཏེ། ལྗང་མདོག་ཞིང་ཕྱུགས་ལས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་བྱ་ཡུལ་བསྐྲུན་པར་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་རེད།