ཞི་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེ་དང་ཞལ་པར་ནས་བཀའ་མོལ་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེ་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་དང་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་ཀྱི་ཡོད། འདི་ལོ་ནི་རྒྱལ་ཁབ་གཉིས་པོའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་10འཁོར་བའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུ་དེ་གོ་སྐབས་སུ་བཟུང་སྟེ་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རིམ་པ་ཁག་གི་འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་བ། ཀྲུང་སོའི་འབྲེལ་བའི་ཁྱབ་རྒྱ་ཆེ་རུ་དང་ཟབ་ཚད་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་དཔེ་སྟོན་གྱི་ནུས་པ་འདོན་འདོད་ཡོད།
མིག་སྔའི་དབུས་ཤར་མཚོ་ཁུག་ས་ཁུལ་གྱི་དུས་བབ་ལ་དམིགས་ནས་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་འཕྲལ་མར་ཕྱོགས་ཡོངས་ནས་དམག་མཚམས་བཞག་སྟེ། ཞི་བདེ་སླར་གསོ་བྱེད་པར་ཕན་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་བྱས་ནས་ཆབ་སྲིད་ཀྱི་ཕྱི་འབྲེལ་ཐབས་ལམ་བརྒྱུད་རྩོད་གཞི་སེལ་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། ཧོར་མུའུ་ཙེ་མཚོ་འགག་ཏུ་རྒྱུན་གཏན་གྱི་འགྲོ་སྐྱོད་རྒྱུན་འཁྱོངས་བྱེད་དགོས་པ་དེ་ནི་ས་ཁུལ་དང་རྒྱལཁབ་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་ཡོད།ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་དང་རྒྱལ་ཁབ་དབར་ཁྱིམ་མཚེས་མཛའ་གྲོགས་དང་། འཕེལ་རྒྱས། བདེ་འཇགས། མཉམ་ལས་བཅས་ཐུན་མོང་ཁྱིམ་གཞིས་སྐྲུན་པར་རྒྱབ་སྐྱོར་བྱས་ནས། མདུན་ལམ་དང་ལས་དབང་རང་ཉིད་ཀྱི་ལག་ཏུ་བཟུང་སྟེ་ས་ཁུལ་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་གི་ཡིན།
མུའུ་ཧན་མོ་ཏེས་གསུངས་དོན། སོ་ཏི་ཨ་རབ་དང་ཀྲུང་གོའི་འབྲེལ་བ་ནི་འཐབ་ཇུས་རང་བཞིན་ལྡན་པ་ཞིག་ཡིན་པས། ཀྲུང་གོ་དང་ འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་སོ་ཏི་ཨ་རབ་ལ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། མིག་སྔར་དབུས་ཤར་དམག་འཁྲུག་གིས་མཚོ་ཁུག་རྒྱལ་ ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བ་དང་འཛམ་གླིང་གི་ནུས་རྒྱུ་མཁོ་སྤྲོད་དང་དཔལ་འབྱོར་འཁོར་རྒྱུག་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་་ ཡི་ཡོད། སོ་ཏི་ཨ་རབ་ཀྱིས་གླེང་མོལ་བརྒྱུད་འགལ་ཟླ་དང་མི་མཐུན་པའི་་ ཆ་ཐག་གཅོད་བྱེད་པར་གཞོལ་ནས་དུས་བབ་ཛ་དྲག་ཏུ་མི་འགྲོ་བའི་རེ་་་ བ་བྱེད་ཀྱི་ཡོད། ཀྲུང་གོ་ནི་འགན་འཁྲི་འཁུར་བའི་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ་དྲང་གཞག་གི་ལངས་ཕྱོགས་བཟུང་ནས་དབུས་ཤར་རྒྱལ་ཁབ་ཀྱི་ཁྱིམ་མཚེས་མཛའ་གྲོགས་དང་གླེང་མོལ་མཉམ་ལས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། སོ་ཏི་ཨ་རབ་ཕྱོགས་ ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། དམག་མཚམས་འཇོག་པའི་དུས་བབ་སྲུང་སྐྱོང་བྱེད་པ། དམག་འཁྲུག་སླར་ཡང་ལངས་རྒྱུ་སྔོན་འགོག་བྱེད་པ་བཅས་བྱས་ཏེ། ཧོར་མུའུ་ཙེ་མཚོ་འགག་གི་མཚོ་འགྲུལ་བདེ་འཇགས་དང་རང་དབང་འགན་་་་་་ ལེན་བྱས་ནས་མཉམ་དུ་ས་ཁུལ་ཡུན་རིང་བདེ་འཁོད་ཡོང་བའི་ཐབས་ལམ་འཚོལ་འདོད་ཡོད།