ཁྲི་ཀས་དྲོད་ཁང་གི་འདེབས་འཛུགས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་གྲུབ་འབྲས་བླངས་པ།
རང་ཚགས་པར་གྱི་འཕྲིན། ཉེ་སྔོན།གསར་འགོད་པ་ཁྲི་ཀ་རྫོང་རྨ་སྲིབ་གྲོང་བརྡལ་ཞི་ཅཱ་ཙེ་སྡེ་བར་བཅར་འདྲིར་བསྐྱོད་དུས། སྡེ་བའི་ཞིང་སར་ལྗང་མདོག་གི་གསོན་ཤུགས་གསར་པ་ཞིག་རྒྱས་ཡོད་དེ། དེང་རབས་ཅན་གྱི་དྲོད་ཁང11ནི་རྨ་ཆུའི་འགྲམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་བའི་ནོར་མཛོད་ཅིག་ཏུ་གྱུར་ཡོད། ལྗང་མྱུག་གསོ་སྐྱོང་དང་ཐོན་སྐྱེད་ལ་བརྟེན་ནས་ས་གཞི་ཆེན་མོ་འདིར་ལྗང་མདོག་གི་གསོན་ཤུགས་གསར་པ་ཞིག་རྒྱས་ཏེ། སྡེ་མི་ཚོའི་ཡོང་སྒོ་འཕར་དུ་བཅུག་ཡོད་པར་མ་ཟད། གྲོང་གསེབ་དར་སྤེལ་དུ་གཏོང་བའི་ཕྱུག་འགྱུར་ལམ་བུ་ཞིག་ཀྱང་བསྐྲུན་ཡོད།
མིག་སྔར་ནི་ལྗང་མྱུག་གསོ་སྐྱོང་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་ཞིང་། ལྗང་མྱུག་དྲོད་ཁང་གི་ཆུ་ཀུབ་དང་རྡོ་ཀུབ། ཀྲོ་མ་ཀྲུ་སོགས་རྐང་ཁྲི700ལྷག་གི་སྐྱེ་སྟོབས་ཧ་ཅང་ལེགས་ལ། ལག་རྩལ་པ་ལིན་ཅང་མེན་གྱིས་བྱང་ཆ་ཡོད་པའི་སྒོ་ནས་སྡེ་མི་ཚོར་ལྗང་མྱུག་འདེབས་པའི་སྐོར་གྱི་ཤེས་བྱ་ཁྲིད་བཞིན་ཡོད། ཞིབ་ཚགས་ཀྱིས་གསོ་སྐྱོང་བྱས་པའི་ལྗང་མྱུག་དེའི་རིགས་ཟི་ལིང་དང་མཚོ་ཤར་ས་ཁུལ་དུ་འཚོང་རྩིས་ཡོད་པ་རེད།
ཞི་ཅཱ་ཙེ་སྡེ་བའི་ཀན་སུའུ་ནས་ལག་རྩལ་པ་ལིན་ཅང་མེན་གདན་ཞུ་བྱས་ཏེ་ལྗང་མྱུག་གསོ་སྐྱོང་དང་འདེབས་འཛུགས།ཆུ་གཏོང་བ།འབྲས་བུ་ཐོག་ཐུབ་པ་དུས་ཚོད་ཀ་ཚོད་དགོཔ་སོགས་ཀྱི་ལག་རྩལ་སློབ་ཁྲིད་བྱེད་དུ་བཅུག་པར་པར་མ་ཟད ། སྤྱིའི་ཡོང་འབབ་ཀྱི3%ནས4%ཁོང་ལ་སྟེར་བའི་བགོ་འཐེན་ལམ་ལུགས་བཙུགས་ནས། ལག་རྩལ་པ་ཐོག་མའི་ཞོར་ལས་པ་ནས་ཁེ་སྤོགས་མཉམ་བགོ་བྱེད་པའི་མཉམ་འབྲེལ་པར་གྱུར་ནས། ལས་ཀར་འབད་བརྩོན་བྱེད་པར་སེམས་ཤུགས་སྦྱིན་པར་མ་ཟད། ལག་རྩལ་ལ་བརྟེན་ནས་ཡོང་སྒོ་འཚོལ་བའི་ལམ་ཁ་བཟང་པོ་ཞིག་ཏུ་བསྐྱོད།
ཐོན་ལས་ལེགས་པོར་དར་དགོས་ན་ལམ་ལུགས་བཟང་བོ་དང་ཁ་འབྲལ་ཐབས་མེད་ཅིང་། 2025ལོར་ཞི་ཅཱ་ཙེ་སྡེ་བས་ས་ཞིང་འཁོར་རྒྱུག་ལ་བརྟེན་ཏེ། མ་དངུལ་སྒོར་ཁྲི450བཏང་སྟེ་སིལ་ཏོག་དང་སྔོ་ཚལ་གྱི་དྲོད་ཁང11འཛུགས་སྐྲུན་བྱས་པའི་ཞོར་དུ། སྡེ་བས་ཏང་ཀྲི་པུའུ་དང་མཉམ་ལས་ཁང་། ཞིང་ཁྱིམ་བཅས་མཉམ་འབྲེལ་གྱི་རྣམ་པར་བརྟེན་ནས། ཚན་རིག་དང་མཐུན་པའི་ལྗང་མྱུག་གསོ་སྐྱོང་གི་དྲོད་ཁང4དང་ཐོན་སྐྱེད་དྲོད་ཁང7བགར་ཏེ། སིལ་ཏོག་དང་སྔོ་ཚལ་གྱི་སྣ་མང་འདེབས་འཛུགས་ཀྱི་རྣམ་པ་གསར་པ་སྤྱོད་མགོ་བརྩམས།
རྨ་སྲིབ་གྲོང་བརྡལ་ཞི་ཅཱ་ཙེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲང་ཝུན་ཧྲན་གྱིས་བཤད་རྒྱུར། ད་ལོར་འདེབས་འཛུགས་བྱས་པའི་སིལ་ཏོག་དང་སྔོ་ཚལ་གྱི་ཡོང་འབབ་ཅུང་ཙམ་བཟང་ལ། ལོ་ཧྲིལ་བོའི་ཡོང་འབབ་ཕལ་ཆེར་སྒོར་ཁྲི་ཉི་ཤུ་ནས་ཁྲི་སུམ་ཅུར་སླེབས་ཐུབ། ལས་དོན་གྱི་ཐད་ནས་ཡུལ་དུ་སྡོད་པའི་ལོ60ཡི་ཡན་གྱི་མང་ཚོགས་གནས་འདིར་ཡོང་ནས་ཞོར་ལས་བྱ་ཆོག་ལ། ཉིན་རེར་སྒོར100ཡི་ཡོང་སྒོ་བཙལ་ཐུབ་པས། ང་ཚོ་སྡེ་བའི་སྡེ་མི་རྣམས་དང་ཉེ་འཁོར་སྡེ་མི་རྣམས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་ཐུབ་ལ། ད་དུང་སྡེ་བ་སྤྱིའི་ཐུན་མོང་དཔལ་འབྱོར་ཇེ་ལེགས་སུ་སོང་བ་དང་བསྟུན་ཏེ། ལོ་མཇུག་གི་བགོ་བྱ་ན་ནིང་དང་བསྡུར་ན་སྒོར100ཡིས་ཇེ་མང་དུ་འགྲོ་ངེས་ཡིན་ཟེར།
ཕྱོགས་གཞན་ཞིག་ནས་ཐོན་སྐྱེད་དྲོད་ཁང་དུའང་ལོ་ལེགས་ཡོང་བར་རེ་བལྟོས་བྱས་ཆོག་ལ། ད་ལོར་ཆུ་ཀུབ་ཀྱི་འབྲས་བུ་ཐོག་པ་ཧ་ཅང་ལེགས། མིག་སྔར་ཆུ་ཀུབ་རྒྱ་མ2000ལྷག་ཙམ་རྒྱ་མ་རེར་སྒོར4.5བྱས་ནས་ཀན་སུའུ་ས་ཁུལ་དུ་ཕྱིར་འཚོང་བྱས་ཤིང་། ཉིན་འགའི་རྗེས་སུ་དམར་མདངས་རྒྱས་པའི་ཀྲོ་མ་ཀྲུ་དང་སྡོང་བོའི་ཡལ་གར་དཔྱང་ཡོད་པའི་སིལ་ཆིག་ཐུབ་ཡང་གཅིག་རྗེས་གཉིས་མཐུད་དུ་ཁྲོམ་རར་འདོན་ཐུབ། སྔོན་དཔག་ལྟར་ན་དྲོད་ཁང་གསར་པ11གི་ལོ་ཧྲིལ་པོའི་ཡོང་སྒོ་སྒོར་ཁྲི་སུམ་བཅུ་ནས་བཞི་བཅུའི་བར་ལ་སླེབས་ཐུབ་ངེས་རེད།
སྡེ་མི་ཀྲའོ་ཧྥ་ཆིན་ལ་མཚོན་ན། འདི་ནི་ཐུན་མོང་དཔལ་འབྱོར་འཕར་བ་ཙམ་མ་ཡིན་པར། འཚོ་བ་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད།ཁོང་གིས་བཤད་རྒྱུར། སྔོན་ཆད་ང་ཚོ་ཕྱི་རོལ་དུ་ཞོར་ལས་བྱེད་དུ་སོང་ནས་རང་ཁྱིམ་ལ་བདག་སྐྱོང་བཟང་པོ་བྱེད་མི་ཐུབ། སྡེ་བས་ཐུན་མོང་དཔལ་འབྱོར་གཉེར་པ་ནས་བཟུང་། ང་ཚོས་སྡེ་བའི་ནང་དུ་ཡོང་སྒོ་བཙལ་ཐུབ་པ་དང་ཁྱིམ་ཚང་ལ་བདག་སྐྱོང་བྱེད་ཐུབ་ལ། བྱིས་པར་ཡང་གཉོར་སྐྱོང་བྱེད་ཐུབ་པས་ངོ་མ་བཟང་གི་ཟེར།
ཕྱི་རོལ་དུ་ཞོར་ལས་བྱེད་པ་ནས་སྡེ་བའི་ནང་ལས་ཞུགས་ཐུབ་པའི་བར་དང་། ནམ་ཟླར་བརྟེན་ནས་འཚོ་རྟེན་བྱེད་པ་ནས་ཚན་རིག་གིས་འདེབས་འཛུགས་དྲོད་ཁང་གཉེར་བའི་བར། ཞི་ཅཱ་ཙེ་སྡེ་བས་དྲོད་ཁང་རེ་རེར་བརྟེན་ནས་དམངས་ཕྱུག་སྡེ་དར་གྱི་ལམ་དུ་བསྐྱོད་ཡོད་ལ། མ་འོངས་པར་མུ་མཐུད་དུ་ཁྱད་ལྡན་ཞིང་ལས་ལ་རྐང་བཙུགས་ཏེ། རྨ་ཆུའི་འགྲམ་རྒྱུད་ཀྱི་གཤིན་ས་དྲོན་མོ་དེ་རུ་གྲོང་གསེབ་དར་སྤེལ་གྱི་རེ་བ་གསར་པ་སྔར་ལས་མང་པོ་མངོན་འགྱུར་བྱ་རྒྱུ་རེད།