མཚོ་ལྷོའི་ནུས་ཁུངས་གཙང་མའི་སྤྱིའི་གློག་འདོན་ཚད་དང་ལོ་རེའི་གློག་འདོན་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།
ཉེ་བའི་ལོ་འདི་འགར། རང་ཁུལ་གྱིས་ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། ནུས་ཁུངས་གཙང་མའི་ཐོན་ལས་རྒྱུན་མཐུད་ངང་སྟོབས་ཆེར་བཏང་། མིག་སྔར་ཁུལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་སྤྱིའི་གློག་འདོན་ཚད་དང་ལོ་རེའི་གློག་འདོན་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཏེ། ཁུལ་ཡོངས་ཀྱི་ཐོན་ལས་གཙོ་བོ་དེ་ཞིང་ཕྱུགས་ལས་ནས་ལྗང་མདོག་ཐཱན་ཉུང་ཐོན་ལས་སུ་རིམ་སྒྱུར་བྱུང་།
གཞུང་དངོས། རང་ཁུལ་གྱིས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་ཕྱི་ནང་གཉིས་ལ་གློག་འདོན་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔའི་བར་རང་ཁུལ་གྱི་ནུས་ཁུངས་གཙང་མའི་སྤྱིའི་གློག་འདོན་ཚད་སྟོང་ཝ3658ལ་སླེབས་ནས་ཞིང་ཆེན་ཡོངས་ཀྱི45%ཟིན་ཡོད་པ་དང་། ལོ་རེའི་གློག་འདོན་ཚད་ཆུ་ཚོད་སྟོང་ཝ477ལ་སླེབས་ནས་ཞིང་ཆེན་ཡོངས་ཀྱི44%ཟིན་ཡོད། འཛམ་གླིང་གི་ནུས་ཁུངས་གཙང་མའི་གློག་སྐྱེལ་སྐུད་ལམ་གཙོ་བོ་སྟེ་མཚོ་སྔོན་ནས་ཧུ་ནན་བར་གྱི་ཆེས་མཐོའི་གློག་གནོན་ཐད་རྒྱུགས་བཟོ་སྐྲུན་གྱི་མགོ་འཛུགས་ས་ཡིན་པའི་ཆ་ནས། ལྗང་གློག་གཙོ་བོ་དེ་སྤྱོད་མགོ་ཚུགས་ནས་ལོ5ཡི་རིང་། རིམ་རྩིས་བྱས་ན་ནུས་ཁུངས་གཙང་མའི་གློག་གཏོང་ཚད་ཆུ་ཚོད་སྟོང་ཝ920ལས་བརྒལ་ཡོད་ལ། དེའི་རྡོ་སོལ་ཏུན་ཁྲི2800ཡི་ཚབ་བྱེད་ཐུབ་དང་དབྱང་གཉིས་ཐཱན་རྫས་ཏུན་ཁྲི7000ཇེ་ཉུང་དུ་བཏང་བ་དང་མཚུངས་པས། མཐོ་སྒང་ནས་དབུས་རྒྱུད་དུ་གློག་གཏོང་ཐུབ་པའི་ལྗང་མདོག་སྐུད་ལམ་ཞིག་བཏོད་ཡོད་ལ། ས་གནས་ཀྱི་གློག་དྲའི་འཛུགས་སྐྲུན་ལའང་ཕན་འབྲས་མངོན་གསལ་ཐོབ་ཡོད། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ཚུན་ལ་རང་ཁུལ་གྱིས་གློག་དྲའི་བཟོ་སྐྲུན་ལས་གཞི105དང་ཞིང་ལས་གློག་དྲའི་ལས་གཞི294ལས་མགོ་ཚུགས་པ་དང་། ལམ་ཐིག་སྤྱི་ལེ3000ཙམ་གསར་སྐྲུན་དང་སྒྱུར་བཀོད་བྱས་ནས། གློག་མཁོ་འདོན་གྱི་བརྟན་འཇགས་རང་བཞིན་99.9%ལ་སླེབས་ནས་ཁྱིམ་ཚང་རེའི་ཆ་སྙོམས་གློག་ཆད་པའི་ཆུ་ཚོད་ཇེ་ཐུང་དུ་བཏང་ཡོད། ད་ལྟ་ཁུལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་དེ་དཔལ་འབྱོར་ལ་སྐུལ་ཁྲིད་དང་དམངས་ཚིས་ལེགས་བཅོས་བྱེད་པའི་སྒུལ་ཤུགས་གཙོ་བོར་གྱུར་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་གོམ་སྟབས་བརྟན་པོས་བསྐྱོད་བཞིན་ཡོད།