ཀྲའོ་ལེ་ཅི་ཡིས་མགོ་འཛིན་གནང་སྟེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་རེ་ལྔ་པ་བསྡུས་པ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་རེ་ལྔ་པ་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་ཤིང་། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་རེ་ལྔ་པ་ཚེས20ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་ཤིང་། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་གནང་། གྲོས་ཚོགས་ལས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཐེངས་ཉེར་གཉིས་པ་ཟླ4པའི་ཚེས27ཉིན་ནས་ཚེས30ཉིན་བར་པེ་ཅིན་དུ་འཚོག་རྒྱུའི་གཏན་འབེབས་གནང་།
ཨུ་ཡོན་ཀྲང་གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་སྟེང་བཙོན་ཁང་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དང་། སྤྱི་ཚོགས་རོགས་སྐྱོབ་བཅའ་ཁྲིམས་འཆར་ཟིན། སྨན་བཅོས་འགན་སྲུང་བཅའ་ཁྲིམས་འཆར་ཟིན། རྨོ་ཞིང་སྲུང་སྐྱོང་དང་སྤུས་ཚད་མཐོར་འདེགས་བཅའ་ཁྲིམས་འཆར་ཟིན་བཅས་ལ་གྲོས་ཞིབ་བྱ་རྒྱུ་དང་། རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཁེ་ལས་ཀྱི་རྒྱལ་དབང་རྒྱུ་ནོར་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་ལ་གྲོས་ཞིབ་བྱ་རྒྱུར་སྤྲད་པའི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ། རྒྱལ་ཡོངས་དམངས་ཆེན་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གིས་ཞིང་ལས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་ལ་གྲོས་ཞིབ་བྱ་རྒྱུར་སྤྲད་པའི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲུང་སྐུལ་སློང་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་སྤྲད་པའི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆུའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་ལ་གྲོས་ཞིབ་བྱ་རྒྱུར་སྤྲད་པའི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་སེ་པེད་ཅང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་ཁྲིམས་འཛིན་རོགས་འདེགས་སྐོར་གྱི་ཆིངས་ཡིག》ལ་གྲོས་ཞིབ་དང་ཆོག་མཆན་འགོད་པར་སྤྲད་པའི་གྲོས་གཞི་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཅིར་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཐ་ཅི་ཁོ་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཐ་ཁུའུ་མན་སི་ཐན། ཝུའུ་ཙི་པིའེ་ཁོ་སི་ཐན་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱི་ཡུན་རིང་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་གྲོས་ཞིབ་བྱས་ནས་ཆོག་མཆན་འགོད་པར་སྤྲད་པའི་གྲོས་གཞི་བཅས་ལ་གྲོས་ཞིབ་བྱེད་པའི་བསམ་འཆར་བཏོན།
ཨུ་ཡོན་ཀྲང་གྲོས་ཚོགས་ཐོག་བཏོན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་གྲོས་རིམ་ནང་། ད་དུང2025ལོའི་ལོའི་ཁོར་ཡུག་གི་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་ལེགས་གྲུབ་བྱས་ཚུལ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུ་དང་། 2024ལོའི་རྒྱལ་དབང་རྒྱུ་ནོར་དོ་དམ་བྱས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པའི་བསམ་འཆར་ཞིབ་འཇུག་ཐག་གཅོད་བྱས་ཚུལ་དང་དག་ཐེར་དང་འགན་འཁྲི་རྩད་གཅོད་བྱས་ཚུལ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུ། འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱེད་རྒྱུ་དང་། བསྐོ་འཐེན་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ་སོགས་ཡོད།
ཨུ་ཡོན་ཀྲང་གྲོས་ཚོགས་ཐོག་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2026ལོའི་བྱ་བའི་གཙོ་གནད་དང་ཁྲིམས་འཛུགས། ལྟ་སྐུལ། འཐུས་མི། ཕྱི་འབྲེལ་བྱ་བ་བཅས་ཀྱི་འཆར་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། "སྲིད་གཞུང་གཅིག་དང་ཁང་གཉིས"ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་བསམ་འཆར་གྱི་གནས་ཚུལ་སྙན་ཞུ། འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཡིག་ཐོག་བསམ་འཆར་ལ་གྲོས་ཞིབ་བྱས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་གཙོ་གནད་སྐུལ་སྒྲུབ་ཀྱི་གྲོས་གཞི་འདེམས་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐོག་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་གྲོས་རིམ་བཀོད་སྒྲིག་སོགས་ཀྱི་ཐད་སྙན་ཞུ་ཕུལ།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་དང་ཝང་ཏུང་མིང་། ཞའོ་ཅེ། ཀྲིན་ཅན་པང་། ཏིན་ཀྲུང་ལི། ཧོ་མིན་ཅིན། ཚའེ་ཏ་ཧྥིན། ཧོ་ཝེ། ཝུའུ་ཝེ་ཧྭ། ཐའེ་ཉིང་། ཕིན་ཆིན་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁེ་ལའེ་ཐི་ཀྲ་ཁི་ཨེར་བཅས་གྲོས་ཚོགས་ལ་ཞུགས། །