གཟིགས་དང་། འདི་ནི་མཚོ་སྔོན་པོ་ཡིན།
ལྷ་བྱ་ཁྲུང་ཁྲུང་དཀར་མོ། མཚོ་མོ་བསྙེགས་ནས་ཕེབས་ཡོང་།
མཚོ་སྔོན་པོའི་བྱ་རིགས་ཕྱིར་ཕེབས་བྱུང་། དཔྱིད་ཀྱི་དཔལ་ཡོན་རྒྱས་ཏེ་མཚོ་ཆེན་ཁྲི་གཤོག་རྒྱལ་མོའི་བླ་བྱ་དག་ཕྱིར་ཕེབས་བྱུང་།
ཟླ4པའི་ཆེས་མཇུག་མཐའི་གཟའ་འཁོར་ནི་བྱ་གཅེས་གཟའ་འཁོར་ཡིན་སྟབས། གསར་འགོད་པ་སྔ་མོ་ནས་མཚོ་སྔོན་པོར་བྱ་རིགས་ཀྱི་གྲངས་ཀ་འཚོལ་ཏུ་ཕྱིན།
མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་བཀོད་པ།

རི་ཀླུང་གི་དུས་བཅད།
མཚོ་སྔོན་པོའི་མཚོ་འཕགས་ལ་སྨི3200ཡོད་ཅིང་། རང་རྒྱལ་གྱི་ཆེས་ཆེ་བའི་ཚྭ་མཚོ་ཡིན། དེ་མིན་བྱ་ཚོགས་ཀྱི“ཞབས་ཞུ་ཁུལ”ཡང་ཡིན། ལོ་རེའི་དཔྱིད་ཀ་སླེབས་དུས། བྱ་རིགས་འབུམ་ཕྲག་ལྷག་ལྷོ་ཕྱོགས་ནས་མཚོ་སྔོན་པོར་འཕུར་ཡོང་སྟེ། མཛའ་གྲོགས་སྒྲིག་པ་དང་བྱ་ཚང་བཟོ་བ་སོགས་ཆོས་ཉིད་ལྟར་འཇིག་རྟེན་མཐུན་འཇུག་གི་ལས་ལ་བྲེལ་བཞིན་བདོག

མཚོ་སྔོན་པོ་ནི་མཐིང་མདོག་གིས་འཁྱིལ་ཞིང་། མཚོ་ཁར་ཆགས་པའི་ཁ་བ་ལྟར་དཀར་པའི་མཚོ་དར་ཆུང་ངུ་དེ་དག་རྡོ་རྗེ་ཕ་ལམ་ལྟར་མཚོ་ངོས་སུ་རླབས་ཀྱིས་གང་སར་བསྐྱོད་པས། མཛེས་ལྗོངས་དེ་ནི་སྐྱེ་འགྲོ་སུ་ཡིས་མཐོང་ནའང་བསྔགས་བརྗོད་ཀྱི་མེ་ཏོག་མི་གཏོར་རང་དང་ཅི།
ཁྲུང་ཁྲུང་དཀར་མོ་ནི་གཤིས་ཀ་འཇམ་པའི་བྱ་ཞིག་ཡིན། “ཁྲུང་ཁྲུང་དཀར་མོ་ཕན་ཚུན་ལ་མཐུན་རྗེས། ཚེ་གང་བོར་ལུས་དང་གྲིབ་མ་ཇི་བཞིན་མཉམ་འགྲོ་མཉམ་འདུག་གིས་རང་ཉིད་ཀྱི་བརྩེ་བ་དང་དུང་བ་རྣལ་མ་ཕན་ཚུན་ལ་བཅངས་ནས་དུས་ཀྱི་འགྱུར་བག་ཅི་འདྲའི་རྒོད་ཀྱང་། འཚོ་བའི་སྐྱིད་སྡུག་ཅི་འདྲ་བྱུང་ཡང་། སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་། སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་བྱ་ངེས”ཞེས་པའི་བཤད་སྲོལ་ཡོད།

གཞི་གྲངས་ལས་བྱ་རིགས་ལ་གཟིགས་པ།
ཁྲུང་ཁྲུང་སྐོར་ཁག་དང་པོ་ཟླ3པའི་ཚེས3ཉིན་མཚོ་སྔོན་པོར་སླེབས། ཟླ3པའི་ཚེས26ཉིན་ཁྲུང་ཁྲུང་སྐེ་ནག་གི་པར་ཐོག་མ་ལེན་ཐུབ་པ་བྱུང་བས། སྔོན་དཔག་ལྟར་ན་ཟླ4པའི་ཟླ་དཀྱིལ་ལ་བྱ་རིགས་ཚང་མ་ཕྱིག་ལོག་སྲིད། མཚོ་སྔོན་པོར་ད་སྔ་ཆུ་བྱ་བསྡོམས་པས་ཁྲི60.6ལྷག་ཡོད་ཅིང་། ཁྲུང་ཁྲུང་སྐེ་ནག་ནི་མཐོ་སྒང་དུ་འཚོ་སྡོད་བྱེད་བཞིན་པའི་ཁྲུང་ཁྲུང་གཅིག་པུ་ཡིན། གནས་འདི་རུ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་པའི་ཆེས་མང་བའི་གྲངས་ཀ་ནི124ཡིན་ཏོ། །

རི་ཀླུང་གི་དུས་བཅད།
ལོ་འདི་གར་མཚོ་སྔོན་པོའི་སྐྱེ་ཁམས་ཇེ་ལེགས་སུ་ཕྱིན་ཏེ། ཆུ་བོ་སྔར་ལས་དྭངས་ཤིང་རྩི་ཤིང་སྔར་ལས་ལྗང་བ་དང་། བྱ་རིགས་སྔར་ལས་ཇེ་མང་དུ་སོང་འདུག དོ་དམ་སྲུང་སྐྱོབ་མི་སྣས་ནམ་རྒྱུན་མཚོ་སྔོན་པོར་སྐོར་སྲུང་བྱེད་སྐབས་འབྲོག་པས་རང་རྟོགས་ཀྱིས་བྱ་རིགས་ལ་བདག་སྐྱོང་དང་འཚེ་བ་མི་བྱེད་པ་མཐོང་ཚེ། མི་དང་བྱ་ནི་མཐོ་སྒང་འདིའི་ཆེས་བཟང་བའི་ཁྱིམ་མཚེས་སུ་གྱུར་འདུག་པ་ཤེས་ཐུབ།
དཔྱིད་དུས་མཚོ་མོའི་དར་ཁ་འབྱེད་དེ་བྱ་ཚོགས་ཕྱིར་ཕེབས་སྲིད། འདི་ནི་ལོ་ངོ་ཁྲི་སྟོང་ལ་རྒྱུན་བསྐྱངས་པའི་དུས་བཅད་ཅིག་དང་། མཚོ་སྔོན་པོའི་དཔྱིད་ཀ་ལ་བྲིས་པའི་ཆེས་ཡིད་སེམས་འགུག་པའི་སྙན་ངག་ཅིག་ཡིན་ནོ། །