《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་བཏང་ནས་དཔེ་ཀློག་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས》ཞེས་པ་སྤེལ་བ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས8པའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་བཏང་ནས་དཔེ་ཀློག་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས》ཞེས་པ་སྤེལ། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2013ལོའི་ཟླ3པ་ནས2025ལོའི་ཟླ3པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བསྡུས་ཡིན།
རྩོམ་ཡིག་ལས་བསྟན་དོན། དཔེ་ཀློག་ནི་མིའི་རིགས་ཀྱིས་ཤེས་བྱ་བསྡུ་ལེན་དང་བློ་འབྱེད་བློ་སྐྱེད། ཀུན་སྤྱོད་གསོ་སྐྱོང་བཅས་བྱེད་པའི་ཐབས་ལམ་གལ་ཆེན་ཡིན་ཞིང་། དེས་མི་རྣམས་ཀྱི་བསམ་བློའི་བློ་སྒོ་འབྱེད་ཐུབ་ལ། བླ་ན་མེད་པའི་ཕུགས་བསམ་བསྐྲུན་ཐུབ་པར་མ་ཟད། དཔའ་ངར་ཆེན་པོ་གསོ་སྐྱོང་བྱེད་ཐུབ། ལོ་རྒྱུས་ལ་སློབ་སྦྱོང་བྱས་ཚེ་རྒྱལ་ཕམ་བལྟ་ཐུབ་ཅིང་ཐོབ་ཤོར་བརྟག་ཐུབ་ལ། དར་རྒུད་རྟོགས་ཐུབ། སྙན་ངག་ལ་སློབ་སྦྱོང་བྱས་ཚེ་བརྩེ་བ་འཕེལ་ཐུབ་ལ་ཕུགས་འདུན་བསྐྲུན་ཐུབ་པར་མ་ཟད། མིའི་བློ་གྲོས་འཕེལ་ཐུབ། གཞུང་ལུགས་ལ་སློབ་སྦྱོང་བྱས་ཚེ་ཁྲེལ་བག་རྟོགས་ཐུབ་ལ། གཟི་བརྗིད་དང་བརྙས་བཅོས་ཤེས་ཐུབ་པར་མ་ཟད། བདེན་རྫུན་དཔྱད་ཐུབ། དཔེ་དེབ་མང་པོ་ཀློག་པར་སྐུལ་འདེད་བཏང་ནས་དཔེ་ཀློག་གི་སྤྱི་ཚོགས་འཛུགས་སྐྲུན་བྱས་ཏེ་རྒྱུན་མཐུད་ངང་མི་དམངས་ཀྱི་བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་བ་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཇེ་ཆེར་བཏང་ཚེ། ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་འཇིག་རྟེན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ།
རྩོམ་ཡིག་ལས་བསྟན་དོན། གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་ཀྱི་གསུང་རབ་ཀློག་པ་དང་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་ཤེས་རྟོགས་བྱེད་རྒྱུ་དེ་འཚོ་བའི་གོམས་གཤིས་ཤིག་དང་བསམ་པའི་འཚོལ་སྙེག་ཅིག་ཏུ་བརྩིས་ནས། གསུང་རབ་ལ་བརྟེན་ནས་སྲོལ་བཟང་དར་སྤེལ་དང་བསམ་བློ་སྦྱོང་བརྡར། བསམ་བློ་མཐོར་འདེགས། ལག་ལེན་ལ་མཛུབ་ཁྲིད་བཅས་བྱེད་དགོས། ལས་བྱེད་པ་རྣམས་ཀྱིས་བྱ་བའི་དགོས་མཁོ་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱས་ཏེ། ཅི་ཞིག་སྒྲུབ་ན་དེར་སློབ་སྦྱོང་བྱེད་པ་དང་། ཅི་ཞིག་ཆད་ན་དེ་ཁ་གསབ་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ལ་སློབ་སྦྱོང་བྱེད་དགོས་པ་དང་། ལྷག་པར་དུ་དུས་རབས་གསར་པའི་ཏང་གི་གསར་གཏོད་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་དགོས་ལ། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་ལ་སློབ་སྦྱོང་བྱེད་དགོས་པར་མ་ཟད། དཔལ་འབྱོར་དང་། ཆབ་སྲིད། བཅའ་ཁྲིམས། རིག་གནས། སྤྱི་ཚོགས། དོ་དམ། སྐྱེ་ཁམས། རྒྱལ་སྤྱི་སོགས་ཕྱོགས་གང་ཅིའི་ཐད་ཀྱི་རྨང་གཞི་རང་བཞིན་གྱི་ཤེས་བྱ་སློབ་སྦྱོང་བྱས་ཏེ། རང་འཁྲིའི་ལས་འགན་བཟང་བོར་སྒྲུབ་པ་དང་འབྲེལ་ཡོད་ཤེས་བྱ་གསར་པ་དང་ནུས་རྩལ་གསར་པ་སློབ་སྦྱོང་བཅས་བྱས་ནས། ལས་སྒྲུབ་ཁག་ཁུར་ཐད་ངེས་པར་དུ་དགོས་པའི་ཤེས་བྱ་མ་ལག་མུ་མཐུད་འཐུས་ཚང་དུ་གཏོང་དགོས། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་སློབ་སྦྱོང་དམ་འཛིན་བྱེད་པར་དུས་ཚོད་གསེར་ལྟར་བློ་རྩེ་གཅིག་སྒྲིམ་གྱིས་འབད་བརྩོན་ལྷོད་མེད་བྱེད་དགོས་ཤིང་། བྱེད་ནུས་གཙོ་བོ་འབུར་ཐོན་དང་ཉིང་བཅུད་གདམ་གསེས་བྱས་ཏེ་སྣ་འཛོམས་ཀྱི་ཤེས་ཡོན་སྦྱངས་དགོས་པར་མ་ཟད། རང་གི་ཆེད་ལས་ལའང་སློབ་སྦྱོང་བཟང་བོ་བྱས་ཏེ་ཤེས་བྱ་དང་རྩལ་ནུས་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས།
རྩོམ་ཡིག་ལས་བསྟན་དོན། "དམ་འཛིན"དང"བརྩོན་ཞིབ"ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། དཔེ་ཆ་མང་པོ་ཀློག་པ་དང་། དཔེ་ཆ་ཡག་པོ་ཀློག་པ། དཔེ་ཆའི་ཁྲོད་ནས་བློ་གྲོས་དང་འཚོ་བཅུད་བསྡུ་ལེན་བྱེད་དགོས་པ་ལས། རང་འདོད་ལྟར་སློབ་སྦྱོང་བྱེད་མཚམས་འཇོག་མི་རུང་ལ། བྱ་བར་བྲེལ་བ་ཆེ་བར་ཁ་གཡར་ཏེ་སློབ་སྦྱོང་ལྷོད་གཡེང་དུ་གཏོང་མི་རུང་བར་མ་ཟད། ཕྱི་ཚུལ་གྱི་རྣམ་པ་ཙམ་བསམ་ནས་སློབ་སྦྱོང་བྱེད་ཁུལ་བྱེད་མི་རུང་། སེམས་རྣལ་དུ་ཕབ་ནས་སློབ་སྦྱོང་བྱེད་དགོས་ན། རྒྱུན་འཁྱོངས་ལྷོད་མེད་བྱ་རྒྱུ་ནི་རྩ་བ་ཡིན་ལ། གོ་བ་ལེན་པ་དང་ཤེས་རྟོགས་བྱ་རྒྱུ་གཙོ་བོ་ཡིན་པས། ལེ་ལོ་དང་བརྟག་དཔྱད་གཏིང་ཟབ་མི་བྱེད་པ། གོ་བ་གཏིང་ཟབ་མི་ལེན་པ་བཅས་བྱེད་མི་རུང་། ཉིན་གཅིག་ལ་དུས་ཚོད་ཕྱེད་ཙམ་མ་གཏོགས་མེད་ཀྱང་། ཤོག་ངོས་འགའ་ལས་ཀློག་མི་ཐུབ་རུང་། རྒྱུན་འཁྱོངས་ལྷོད་མེད་བྱས་ཚེ། ཆུ་ཐིགས་བསགས་པ་བཞིན་མང་པོར་འགྱུར་ཐུབ་པ་དང་བྱེ་མ་བསགས་པ་བཞིན་མཆོད་རྟེན་དུ་འགྱུར་ངེས་ལ། གོམ་པ་རེ་རེ་སྤོས་ནས་ལེ་དབར་སྟོང་ཕྲག་བརྒལ་ཐུབ། གྲངས་འཛིན་དཔེ་ཀློག་དང་སྲོལ་རྒྱུན་དཔེ་ཀློག་ཟུང་འབྲེལ་བྱས་ནས་ང་ཚོའི་ནང་སྙིང་དང་བྱང་ཚད་སྲུང་འཛིན་བྱེད་དགོས།
རྩོམ་ཡིག་ལས་བསྟན་དོན། དམངས་ཡོངས་ཀྱི་ཚེ་གང་སློབ་སྦྱོང་བྱེད་པའི་སློབ་སྦྱོང་ཅན་གྱི་སྤྱི་ཚོགས་དང་སློབ་སྦྱོང་ཅན་གྱི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་བྱས་ནས། མི་ཚང་མས་སློབ་སྦྱོང་བྱེད་པ་དང་། གང་སར་སློབ་སྦྱོང་བྱེད་ཐུབ་པ། དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་བྱེད་པར་སྐུལ་འདེད་བཏང་ནས། མིའི་ཕྱོགས་ཡོངས་ཡར་རྒྱས་བྱུང་བར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྣེ་ཁྲིད་དེ་དཔེ་ཀློག་དང་སློབ་སྦྱོང་བྱས་ནས་བྱང་ཚད་མཐོར་འདེགས་དང་འཇོན་ནུས་ཆེ་རུ་གཏོང་བ་དང་། བྱིས་པ་རྣམས་ཀྱིས་དཔེ་ཀློག་གི་གོམས་གཤིས་བཟང་བོ་ཆགས་སུ་བཅུག་ཏེ་དགའ་སྤྲོའི་ངང་དཔེ་དེབ་ཀློག་པ་དང་བདེ་ཐང་ངང་འཚར་ལོངས་ཡོང་བ། སྤྱི་ཚོགས་ཡོངས་དཔེ་ཀློག་ཁྲོད་ཞུགས་ཏེ། དཔེ་ཀློག་ལ་དགའ་བ་དང་དཔེ་དེབ་བཟང་བོ་ཀློག་པ། དཔེ་དེབ་ཀློག་ཤེས་པ་བཅས་ཀྱི་རྣམ་པ་ཡག་པོ་ཞིག་བསྐྲུན་པར་རེ་བ་བཅངས་ཡོད། །