རང་རྒྱལ་དུ་འཛམ་གླིང་ས་གཤིས་སྤྱི་གླིང་གཉིས་གསར་དུ་བསྣན་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས15ཉིན། གསར་འགོད་པས་རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཧྥ་རན་སེའི་ཕ་རི་སིར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལག་བསྟར་ཅུས་ཀྱི་སྐབས224པའི་ཚོགས་འདུའི་ཐོག རང་རྒྱལ་གྱི་ཀྲེ་ཅང་ཁྲང་ཧྲན་དང་སི་ཁྲོན་སྐུ་བླ་བཞི་བདག་རི་བོ་གཉིས་བདེ་བླག་ངང་ཚོགས་འདུའི་གྲོས་ཞིབ་བརྒྱུད་དེ། དངོས་སུ་འཛམ་གླིང་ས་གཤིས་སྤྱི་གླིང་དུ་གྱུར་པ་རེད། དེ་བས། རང་རྒྱལ་གྱི་འཛམ་གླིང་ས་གཤིས་སྤྱི་གླིང51ལ་འཕར་བ་དང་། དེ་དག་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)24དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ཁྱབ་ཡོད།
ཁྲང་ཧྲན་འཛམ་གླིང་ས་གཤིས་སྤྱི་གླིང་དེ་ཀྲེ་ཅང་ཞིང་ཆེན་ཆུས་ཀྲོའུ་གྲོང་ཁྱེར་ཁྲང་ཧྲན་རྫོང་དུ་གནས་པ་དང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1043.10ཡོད། སྤྱི་གླིང་དུ་གནའ་བོའི་རྒྱུན་མཐུད་ས་རིམ་ཉར་ཚགས་བྱས་ཡོད་པ་དང་། དེ་ནི་ཨེ་ཤེ་ཡའི་ཤར་རྒྱུད་ཀྱི་ལོ་ངོ་དུང་ཕྱུར10ཙམ་གྱི་ས་གཤིས་རིམ་འགྱུར་ལོ་རྒྱུས་ཁྲོད་ཀྱི་ས་རིམ་སྟར་རྒྱུན་མཐུད་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན།
སྐུ་བླ་བཞི་བདག་རི་བོའི་འཛམ་གླིང་ས་གཤིས་སྤྱི་གླིང་ནི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་དུ་གནས་པ་དང་། མཚོ་བོད་མཐོ་སྒང་དང་སི་ཁྲོན་གཤོངས་སའི་བར་བརྒལ་ཁུལ་དུ་ཆགས་ཤིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2764.01ཡོད། སྤྱི་གླིང་དེ་ཟུང་ཆུ་ནས་དཀར་མཛེས་བར་གྱི་རི་རྒྱུད་ཀྱི“ནུབ་ཁམས་རྣམ་པའི”ལྟེབ་གཉེར་དང་། “ནུབ་ཁམས་ཁྱུའི”རྙོག་གསོག་བྲག་རྡོ་བསྐྱར་འགྱུར་རྡོ་བཟོས། མཚོ་བོད་མཐོ་སྒང་གི་ཤར་མཐའི་རི་རྩེ་མཐོ་ཤོས་དང་དེ་བཞིན་ཐུན་མོང་མ་ཡིན་པའི་འཁྱགས་རོམ་ས་དབྱིབས་བཅས་ཀྱི་ཁྱད་ཆོས་གཙོ་བོར་བྱས་ཤིང་། ས་ཁུལ་དེས་གནའ་བོའི་མཚོ་བོད་མཐོ་སྒང་གི་ཤར་མཐའི་ས་གཤིས་འགྱུར་ལྡོག་གི་བརྒྱུད་རིམ་ཟིན་ཐོར་བཀོད་ཡོད་པས་ཚན་རིག་གི་རིན་ཐང་དང་གོ་ལ་ཧྲིལ་པོའི་བསྡུར་བ་བྱེད་པའི་དོན་སྙིང་གལ་ཆེན་ལྡན།
ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཚོགས་ཆེན་སྐབས38པས《རྒྱལ་སྤྱིའི་སའི་གོ་ལའི་ཚན་རིག་དང་ས་གཤིས་སྤྱི་གླིང་གི་འཆར་གཞིའི་སྒྲིག་ཡིག》ལ་གྲོས་འཆམ་བྱུང་ནས།“མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ས་གཤིས་སྤྱི་གླིང”གི་ཟོང་རྟགས་དངོས་སུ་བཙུགས་པ་དེའི་དམིགས་ཡུལ་ནི་ཚན་རིག་དང་མཐུན་པའི་སྲུང་སྐྱོང་དང་རྒྱུན་མཐུད་བེད་སྤྱོད་བྱེད་པ་བརྒྱུད་གོ་ལ་ཧྲིལ་བོའི་ས་གཤིས་ཤུལ་བཞག་གི་རིན་ཐང་རྒྱུད་འཛིན་ལ་སྐུལ་འདེད་གཏོང་བ་དེ་ཡིན། མིག་སྔའི་བར་གོ་ལ་ཧྲིལ་པོར་བསྡོམས་པས་འཛམ་གླིང་ས་གཤིས་སྤྱི་གླིང241ཡོད་པ་དེ་དག་རྒྱལ་ཁབ51ལ་ཁྱབ་ཡོད། །