ཨུ་རུ་སི་དང་ཨ་སེ་པེད་ཅང་གིས་ཨ་སེ་པེད་ཅང་གི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཐག་གཅོད་འོས་འཚམ་བྱེད་པར་འཐད་པ་བྱུང་།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་དང་ཨ་སེ་པེད་ཅང་ཕྱི་འབྲེལ་པུའུ་ཡིས་ཚེས15ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཕྱོགས་གཉིས་ཀྱིས་ཨ་སེ་པེད་ཅང་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་དེ་ཐག་གཅོད་འོས་འཚམ་བྱེད་པར་འཐད་པ་བྱུང་།
གསལ་སྒྲོག་ལས་ཁས་ལེན་བྱས་དོན། ཨ་སེ་པེད་ཅང་གི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བ་ནི་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་མཁའ་ཁོངས་ཀྱི་མཁའ་སྲུང་མ་ལག་ལ་ནོར་འཆུག་བྱུང་བའི་རྐྱེན་ཡིན་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྲིད་འཛིན་དང་ཨ་སེ་པེད་ཅང་གི་སྲིད་འཛིན་གྱིས2025ལོའི་ཟླ10བའི་ཚེས9ཉིན་ཐཱ་ཅི་ཁི་སི་ཐན་གྱི་རྒྱལ་ས་ཏུའུ་ཧྲང་པེ་ནས་གྲོས་མོལ་བྱེད་སྐབས་གྲོས་མཐུན་བཀོད་དེ། གནམ་གྲུ་སར་ལྷུང་བའི་དོན་རྐྱེན་དེ་ཐག་གཅོད་འོས་འཚམ་བྱེད་པར་འཐད་པ་བྱུང་ཡོད་ལ། དེའི་ནང་ཨུ་རུ་སིའི་ཕྱོགས་ཀྱིས་སྐྱིན་ཚབ་མ་དངུལ་སྤྲོད་པའི་གནད་དོན་ཡང་འདུས་ཡོད།
གསལ་སྒྲོག་ལས་ད་རུང་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཁྲོད་ཀྱི་འདས་པའི་ཁྱིམ་མི་དང་གྲོགས་པོ་དག་ལ་ཡང་བསྐྱར་འཚམས་འདྲི་བྱས།
གསལ་སྒྲོག་ལས་ནན་གྱིས་བསྟན་དོན། གོང་གི་ཆོད་དོན་ལས་ཕྱོགས་གཉིས་ཀྱིས་མནའ་མཐུན་འབྲེལ་བའི་རྨང་གཞིའི་སྟེང་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐུན་མོང་རེ་འདུན་མངོན་ཡོད། ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་རྩ་དོན་རྨང་གཞིར་བྱས་པའི་མཉམ་ལས་དེ་རྒྱལ་ཁབ་གཉིས་ཀྱི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཕན་ཐོགས་ཡོད་ཟེར།
2024ལོའི་ཟླ12པའི་ཚེས25ཉིན། ཨ་སེ་པེད་ཅང་མཁའ་འགྲུལ་ཀུང་ཟིའི་ཨ་སེ་པེད་ཅང་གི་རྒྱལ་ས་པཱ་ཁུའུ་ནས་ཨུ་རུ་སིའི་ཀི་ལོ་ཙི་ནེ་གྲོང་ཁྱེར་དུ་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཧཱ་སག་སི་ཐན་ནུབ་ངོས་ཀྱི་ཨ་ཁི་ཐའོ་གྲོང་ཁྱེར་ཉེ་འདབས་ནས་སར་ལྷུང་བ་དང་། གནམ་གྲུའི་སྟེང་དུ་བསྡོམས་པས་མི67ཡོད་ལ། དེའི་ནང་མི38རྐྱེན་ལམ་དུ་ཤོར།