དབྱིན་ཇི་ཡིས་ད་ལོར་ཝུའུ་ཁི་ལན་ལ་མི་མེད་གནམ་གྲུ་འབུམ་གཅིག་དང་ཁྲི་གཉིས་འདོན་སྤྲོད་བྱེད་པའི་འཆར་གཞི་ཡོད།
ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་དང་དབྱིན་ཇིའི་རྒྱལ་སྲུང་པུའུ་ཡིས་ཚེས15ཉིན་བསྒྲགས་པ་ལྟར་ན། དབྱིན་ཇི་ཡིས་ད་ལོར་ཝུའུ་ཁི་ལན་ལ་མི་མེད་གནམ་གྲུ་འབུམ་གཅིག་དང་ཁྲི་གཉིས་འདོན་སྤྲོད་བྱེད་པའི་འཆར་གཞི་ཡོད་ཟེར།
ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། དབྱིན་ཇི་ཡིས་ཝུའུ་ཁི་ལན་ལ་དཔུང་འཇུག་ཅན་དང་མྱུལ་ཞིབ་ཅན། མཁོ་སྒྲུབ་ཅན། མཚོ་ཐོག་གི་མི་མེད་གནམ་གྲུ་བཅས་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། འབྲེལ་ཡོད་ཀྱི་སྒྲིག་ཆས་ཝུའུ་ཁི་ལན་དུ་སྐྱེལ་མགོ་བརྩམས་ཡོད་ལ། ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་གཡུལ་སའི་སྟོབས་ཤུགས་ལ་ཤུགས་སྣོན་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར།
གཞན་ཡང་ཝུའུ་ཁི་ལན་གྱི་རྒྱལ་སྤྱིའི་འཕྲིན་གཏོང་ཁང་གིས་ཚེས15ཉིན་བསྒྲགས་པ་ལྟར་ན། ཐེངས་འདིའི་རོགས་སྐྱོར་ནི་དབྱིན་ཇི་ཡིས་ད་ལོར་ཝུའུ་ཁི་ལན་ལ་དབྱིན་ཇིའི་སྒོར་མོ་ཐེར་འབུམ་གསུམ་གྱི་དམག་དོན་རོགས་སྐྱོར་འདོན་སྤྲད་བྱེད་པའི་འཆར་གཞིའི་ཁག་ཅིག་ཡིན་པ་དང་། འཆར་གཞི་ལྟར་ན། དབྱིན་ཇི་ཡིས་ད་ལོར་ཝུའུ་ཁི་ལན་ལ་སྒྱོགས་མདེལ་འབུམ་ཕྲག་འགའ་དང་མཁའ་སྲུང་འཕུར་མདའ་སྟོང་ཕྲག་འགའ་འདོན་སྤྲོད་བྱེད་རྒྱུ་རེད་ཟེར།
ཉིན་དེར་དབྱིན་ཇིའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། ད་ལོར་ཝུའུ་ཁི་ལན་ལ་མི་མེད་གནམ་གྲུ་འབུམ་གཅིག་དང་ཁྲི་གཉིས་ལྷག་རྩིས་སྤྲོད་བྱེད་རྒྱུ་ཡིན་པ་དང་། རོགས་སྐྱོར་གྱི་གཞི་རྒྱ་ནི་ལོ་རྒྱུས་སྟེང་སྔར་མེད་པ་ཞིག་ཡིན་ལ། འབྲེལ་ཡོད་ཀྱི་རྩིས་སྤྲོད་བྱ་བ་ཟླ་འདི་ནས་མགོ་བརྩམས་ཡོད་ཟེར།