ཞི་ཅིན་ཕིང་བཟའ་ཟླས་སུའུ་ལིན་བཟའ་ཟླ་དང་མཛའ་བརྩེའི་གྱེས་ཁའི་གླེང་མོལ་གནང་བ།

ཟླ4པའི་ཚེས15ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕིན་ལི་ཡོན་གྱིས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་སྐུ་ཟླ་ཝུའུ་ཧྥང་ལི་དང་མཛའ་བརྩེའི་གྱེས་ཁའི་གླེང་མོལ་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས15ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕིན་ལི་ཡོན་གྱིས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་སྐུ་ཟླ་ཝུའུ་ཧྥང་ལི་དང་མཛའ་བརྩེའི་གྱེས་ཁའི་གླེང་མོལ་གནང་།
ཞི་ཅིན་ཕིང་གིས་གསུངས་རྒྱུར། དེ་རིང་ང་དང་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་རྣམ་གཉིས་ཀྱིས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་ཁྱོན་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་ཐད་དུས་ཡུན་རིང་པོའི་སྤེལ་རེས་གཏིང་ཟབ་བྱས་ནས། ཐུན་མོང་གི་ངོས་འཛིན་གལ་ཆེན་གསར་པ་མང་པོ་བྱུང་ཡོད། ཀྲུང་གོ་དང་ཡོ་ནན་གཉིས་ཀ་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པས་ང་ཚོས་མུ་མཐུད་དུ་བགྲོད་ལམ་དེས་གཏན་འཁེལ་བྱས་པའི་ཁ་ཕྱོགས་བརྒྱུད་ནས་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱས་ཏེ། སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ལས་དབང་གཅིག་མཐུན་ཚོགས་པ་ཅིག་ཏུ་འགྱུར་བར་བྱེད་དགོས། ང་ཚོ་ནི་སྐྱིད་སྡུག་མཉམ་མྱོང་གི་ཁྱིམ་མཚེས་བཟང་པོ་ཡིན་པ་དང་། ཐུན་མོང་ཐོག་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་བཞིན་ཡོད་པས། དེང་རབས་ཅན་མངོན་འགྱུར་བྱེད་པའི་ལས་དབང་གི་ཐུན་མོང་ཚོགས་པ་ཞིག་ཏུ་འགྱུར་བར་བྱེད་དགོས། ང་ཚོ་ཚང་མས་གནམ་འོག་གཅིག་མཐུན་ཡོང་བའི་འདོད་ཚུལ་འཛིན་གྱིན་ཡོད་ལ། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་འོག མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་རོགས་ཟླ་བྱེད་དགོས། སང་ཉིན་ཁྱེད་རང་ཀོང་ཞི་ལ་འཚམས་འདྲིར་ཕེབས་ནས། སླར་ཡང་ཀྲུང་གོར་སྔར་བས་ཤེས་རྟོགས་གཏིང་ཟབ་བྱ་རྒྱུ་རེད། ང་ཚོས་ཡོ་ནན་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཡོ་ནན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་དེ་མགྱོགས་མྱུར་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་སྣེ་ཁྲིད་བྱེད་འདོད་ཡོད།
སུའུ་ལིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་ཀྱི་མཐོ་རིམ་འཐུས་མི་ཚོགས་པར་བློ་མཐུན་དང་སྤུན་ཟླ་ལྟ་བུའི་སྤྲོ་སེམས་འཁོལ་བའི་སྣེ་ལེན་གནང་བར་ཐུགས་རྗེ་ཆེ་ཞུས། སུའུ་ལིན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་དམིགས་བསལ་གྱི་བཀོད་སྒྲིག་རབ་དང་རིམ་པ་བྱས་ནས་ཡོ་ནན་ཕྱོགས་ལ་དམིགས་བསལ་གྱི་མཛའ་བརྩེ་མངོན་པར་བྱས་པས། ཡོ་ནན་ཕྱོགས་ལ་སེམས་འགུལ་ཟབ་མོ་ཐེབས་ཡོད། མིག་སྔར་ཡོ་ནན་དང་ཀྲུང་གོའི་འབྲེལ་བ་དེ་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་སུ་བསླེབས་ཡོད། ད་ཐེངས་ཀྱི་འཚམས་འདྲིར་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་བྱུང་བ་དང་མཉམ་ལས་ཀྱི་གྲོས་མཐུན་མང་པོར་མིང་རྟགས་བཀོད་པས་ད་བར་དུ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད། ད་ཐེངས་ང་ཚོས་ད་དུང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་པའི་རིགས་པའི་གཞུང་ལུགས་གལ་ཆེན་རབ་དང་རིམ་པ་ལག་ལེན་བསྟར་ནས་གྲུབ་འབྲས་གལ་ཆེན་ཐོབ་པར་བདེན་དཔང་གནང་ཡོད། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཁྱོན་ཡོངས་ནས་དམ་འཛིན་ཡག་པོ་བྱས་ཏེ། ད་ཐེངས་ཀྱི་འཚམས་འདྲི་ནང་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དེ་ཕྱོགས་གཉིས་ཀྱི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པར་བསྒྱུར་ནས། རྒྱལ་ཁབ་གཉིས་ཀྱིས་འཕེལ་རྒྱས་དེ་བས་ཆེ་བ་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་སྟེ། ཆུ་ཚད་དེ་བས་མཐོ་བ་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུའི་ཕྱོགས་སུ་གོམ་སྟབས་གསར་པ་སྤོ་འདོད་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་ཞུགས་ཡོད། །