གཙོ་གནད། 详情

ཁུལ་ཡོངས་ཀྱི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཤེས་ལྡན་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

2026-04-16 14:34:40 来源: 作者:སྐལ་བཟང་སྐྱིད། 编辑:文毛却

     ཟླ4པའི་ཚེས14ཉིན། ཁུལ་ཡོངས་ཀྱི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཤེས་ལྡན་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་མཐུན་སྦྱོར་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན། མཚོ་སྔོན་གྱི་བྱ་བའི་བླང་བྱ་གལ་ཆེན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཉམས་ལེན་བྱས་པ་དང་། སྐོར་ཐེངས་དྲུག་པའི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཤེས་ལྡན་མི་སྣའི་འཐུས་མིའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་བྱས་པར་མ་ཟད།  བྱ་བའི་གྲུབ་འབྲས་ཐད་ནས་ཕན་ཚུན་བསམ་བློ་བརྗེ་རེས་བྱས་པ་དང་།  བསམ་འཆར་དང་གྲོས་གཞིར་ཉན་པ།  མཐུན་སྦྱོར་མཉམ་ཤུགས་ཆགས་པར་བྱས་ཏེ།  ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་རིང་གི་ཁ་གཏད་རོགས་སྐྱོར་མཐུན་སྦྱོར་བྱ་བའི་མགོ་ཡག་པོ་རྩོམ་པར་སྐུལ་འདེད་བཏང་ཞིང་།  ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཚོགས་འདུར་ཞུགས་ནས་གཏམ་བཤད།  

     ཚོགས་འདུ་ལས་སྐོར་ཐེངས་དྲུག་པའི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཤེས་ལྡན་མི་སྣའི་འཐུས་མི་ཝང་སའེ་ཆི་དང་ལུའུ་ལིན། ཝུའུ་ཝུན་ཀང་། ཧང་ཧུའེ་བཅས་ཀྱིས་སོ་སོའི་བྱ་བ་དང་ཟུང་འབྲེལ་སྒོས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་སྤེལ་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཉམས་མྱོང་དང་སེམས་ཚོར་ལྷུག་པོར་བརྗོད་ཅིང་། ཞུང་ཡོན་ལའེ་ཡིས་ནན་ཏན་གྱིས་ཉན་ནས་བསམ་བློ་བརྗེ་རེས་བྱས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཤེས་ལྡན་མི་སྣ་ཡོངས་ཀྱིས་མཐོ་སྒང་དུ་རྐང་ཚུགས་པ་དང་བརྩེ་སེམས་ཕུལ་བར་ཐུགས་རྗེ་ཆེ་ཞུས། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ཚུན་དུ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་བྱ་བར་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་སྐོར་ཐེངས་དྲུག་པའི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཤེས་ལྡན་མི་སྣའི་ལས་སྒྲུབ་ཀྱི་རྣམ་པར་ཁས་ལེན་གང་ལེགས་གནང་།

    ཞུང་ཡོན་ལའེ་ཡིས་ད་ལོ་ནི་ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་རྩོམ་པའི་ལོ་ཡིན་པ་དང་སྐོར་ཐེངས་དྲུག་པའི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བར་ཕྱོགས་ཡོངས་ནས་ནུས་ཤུགས་འདོན་པ། སྤུས་འདེགས་ནུས་མཐོ་བཅས་ཀྱི་གནད་འགག་གི་ལོ་ཞིག་ཀྱང་ཡིན་ཕྱིར། མཚོ་ལྷོས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོའི་ཁྲོད་ཀྱི་གནས་ཐིག་ལ་དམ་འཛིན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་ཁྱད་ལྡན་ཐོན་ལས།  དམངས་ཚིས་ལེགས་བཅོས།  ཤེས་ལྡན་པ་གསོ་སྐྱོང་བཅས་བྱ་བ་གཙོ་བོར་གཞིགས་ཏེ། ཤར་ནུབ་རྒྱུད་ཀྱི་མཐུན་སྦྱོར་བསྟུད་མར་ཟབ་སྤེལ་བྱས་ནས།  ཁ་གཏད་རོགས་སྐྱོར་བྱ་བ་དེ་རིམ་པ་སྔར་བས་གཏིང་ཟབ་ཅིང་ཁྱབ་ཁོངས་སྔར་བས་རྒྱ་ཆེ་བ། ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས།  སྐྱེ་ཁམས་ཀྱི་མ་མཐའི་ཚད་གཞི་སྲུང་སྟེ།  སྐྱེ་ཁམས་ཀྱི་འདུ་ཤེས་དེ་ལས་གཞིའི་འཆར་འགོད་དང་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ནས།  གཙང་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲ་བརྟན་དུ་གཏོང་དགོས་ཤིང་།  ཁྱད་ལྡན་ཐོན་ལས་ཀྱི་གཞི་རྒྱ་ཆེ་རུ་གཏོང་བ་དང་།  ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ཤུགས།  སྐྱེ་ཁམས་ཡུལ་སྐོར་དང་ལྗང་མདོག་ཞིང་ཕྱུགས་བཅས་ལ་དོ་སྣང་བྱས་ཏེ།  མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་གཞིས་གཞན་རྟེན་རོགས་སྐྱོར་ནས་རང་ས་གནས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས།  དམངས་ཚིས་དོན་དངོས་ལེགས་པར་བསྒྲུབ་དགོས་ཚེ་སློབ་གསོ་དང་སྨན་བཅོས་ཀྱི་ཚོགས་སྒྲིག་རྣམ་པའི་ཁ་གཏད་རོགས་སྐྱོར་གཏིང་ཟབ་ཏུ་བཏང་སྟེ།  མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཐོན་ཁུངས་དེ་སྔར་བས་གཞི་རིམ་གྱི་ལས་རྐང་དང་པོར་ཕྱོགས་ནས། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མཐོ་རུ་གཏོང་དགོས། ཤེས་ལྡན་མི་སྣའི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། གང་མཁོ་དང་གང་ནུས་གནད་ལ་འཁེལ་བའི་སྒོ་ནས་འབྲེལ་མཐུད་བྱས་ཏེ།  སྣེ་ཁྲིད་ཀྱི་ནུས་པ་འདོན་པར་ཤུགས་བསྣན་ནས། སྡོད་ཐུབ་པ་དང་འཐབ་རྩོད་བྱེད་ཕོད་པའི་རང་ས་གནས་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་ཞིག་བཙུགས་ཏེ། རོགས་སྐྱོར་དང་མཉམ་འབྲེལ་ཕན་ཚུན་བར་ལ་ནུས་ཤུགས་སྩོལ་བ་དང་མཉམ་རྒྱལ་ཡོང་བར་བྱ་དགོས་ཞེས་ནན་གྱིས་བསྟན། 

      ཞུང་ཡོན་ལའེ་ཡིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཤེས་ལྡན་མི་སྣ་ཡོངས་ཀྱིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་མངག་བཅོལ་ཡིད་ལ་དམ་པོར་བཅངས་ནས། མཐོ་སྒང་གི་བླ་ཤིང་ཇི་བཞིན་གཞི་རིམ་དུ་རྐང་བཙུགས་ཏེ། མཚོ་ལྷོ་ཕ་ཡུལ་དུ་བརྩི་བ་དང་མང་ཚོགས་ཉེ་མི་རུ་བརྩིས་ནས། རྨང་གཞི་འདིང་བ་དང་མིག་རྒྱང་རིང་བ། དམངས་ལ་ཕན་པ། དམངས་སེམས་ཐོབ་པ་བཅས་ཀྱི་དོན་དངོས་དོན་བཟང་མང་པོ་བསྒྲུབ་དགོས་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔར་བཞིན་དུ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཤེས་ལྡན་པར་མཐོང་ཆེན་དང་ཐུགས་ཁུར། རྒྱབ་སྐྱོར་བཅས་བྱས་ནས། ཚང་མའི་ལས་སྒྲུབ་གསར་སྤེལ་ལ་འགན་སྲུང་ལེགས་པོ་བྱ་ངེས་ཡིན་ཞེས་སྐུལ་ལྕག་གནང་།  

     ཞུང་ཡོན་ལའེ་ཡིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་ཤེས་ལྡན་མི་སྣ་ཉེ་མི་དང་ཁྱིམ་མིར་བརྩིས་ཏེ། འབྲེལ་གཏུག་ཞབས་ཞུའི་ཆེད་མཁས་པ་དང་ཤེས་ལྡན་མི་སྣའི་སྒྲིག་སྲོལ་ལག་བསྟར་ནན་མོ་བྱེད་པ་དང་། རྒྱུན་རྣམ་ཅན་གྱིས་འཚམས་འདྲིར་བསྐྱོད་པ་དང་སེམས་གཏམ་གླེང་བའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཆབ་སྲིད་ཀྱི་ངོས་ནས་ཡིད་རྟོན་བྱས་ཆོག་པ་དང་བྱ་བའི་ཐད་ནས་རྒྱབ་སྐྱོར་ཆེན་པོ་བྱེད་པ། འཚོ་བའི་ཐད་ནས་སེམས་ཁུར་བྱེད་པ་དང་བདེ་ཐང་ལ་ཁག་ཐེག་འགན་སྲུང་བྱེད་པ་བཅས་བྱས་ཏེ། བརྩེ་སེམས་ཆེན་པོས་སྡོད་ཁང་དང་སྨན་བཅོས། བུ་ཕྲུག་སློབ་གྲྭར་ཞུགས་པ་སོགས་ཀྱི་དངོས་ཡོད་དཀའ་ཁག་ཐག་གཅོད་བྱས་ནས། ནུས་ཤུགས་ཡོད་རྒུས་ལས་སྒྲུབ་གསར་སྤེལ་གྱི་སྟེགས་བུ་བསྐྲུན་ཏེ། རྒྱ་ཆེའི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཤེས་ལྡན་མི་སྣས་མཚོ་ལྷོ་རུ་བྱ་བ་སྒྲུབ་པར་སེམས་བདེ་བ་དང་འཚོ་བ་རོལ་བར་སེམས་སྐྱིད་པ། ལས་སྒྲུབ་ལ་སེམས་ཤུགས་ཡོད་པ་དང་འཚར་ལོངས་ལ་སྟེགས་བུ་ཡོད་པ་བཅས་བྱས་ནས། སྔར་ལས་སྤྲོ་སེམས་ལྡན་པའི་སྒོ་ནས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་བགྲོད་ལམ་གསར་པའི་སྟེང་བསྐྱོད་དེ། ཁ་གཏད་རོགས་སྐྱོར་བྱ་བ་ཚད་གཞི་གསར་བ་ཞིག་ཏུ་སླེབས་པ་དང་གྲུབ་འབྲས་སྔར་ལས་བཟང་པོ་ལེན་པར་སྐུལ་འདེད་གཏོང་དགོས་ཞེས་བླང་བྱ་བཏོན།

     ཏའེ་མིན་ཅུའེ། ལིའུ་ཡན། དགེ་འདུན་རྒྱལ། བསོད་ནམས་བདེ་སྐྱིད། ཁྲེ་ཞང་ཞན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

热门新闻

热门图库

热门排行