རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《སྨན་རྫས་ཀྱི་རིན་གོང་གྲུབ་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར་འགའ་ཞིག》དཔར་འགྲེམ་བྱས་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《སྨན་རྫས་རིན་གོང་གྲུབ་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར་འགའ་ཞིག》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྲིད་གཞུང་གི་ནུས་པ་འདོན་སྤེལ་དེ་བས་ལེགས་པོ་འདོན་སྤེལ་བྱས་ནས། སྨན་རྫས་ཁྱབ་ཁོངས་ཀྱི་རྒྱལ་ཡོངས་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་ལ་ཞབས་འདེགས་ནུས་ལྡན་ཞུ་བ་དང་། ཁྲོམ་རས་གཙོ་ཁྲིད་བྱེད་པའི་སྨན་རྫས་རིན་གོང་གྲུབ་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྨན་རྫས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་བཅས་ཀྱིས་མི་དམངས་མང་ཚོགས་ལ་སྤུས་ལེགས་གོང་བདེའི་སྨན་རྫས་ཐོབ་པར་འགན་སྲུང་བྱེད་དགོས།
སྨན་རྫས་ཁྲོམ་རར་བཏོན་རྗེས་ཀྱི་དུས་མཚམས་མི་འདྲ་བར་གཞིགས་ནས། 《བསམ་འཆར》ནང་གསར་གཏོད་སྨན་སོགས་གསར་དུ་བཏོན་པའི་སྨན་རྫས་ཀྱི་ཐོག་མའི་རིན་གོང་ལམ་སྲོལ་ཇེ་ལེགས་སུ་གཏོང་བ་དང་། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཚད་གཞིས་སྨན་རྫས་ཀྱི་རིན་གོང་གྲུབ་པར་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱེད་པ། སྨན་རྫས་གཅིག་སྡུད་དང་གྲངས་འབོར་ལྡན་པའི་ཉོ་སྒྲུབ་ཀྱི་རིན་གོང་གྲུབ་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྨན་རྫས་ཀྱི་དྲ་ཐོག་རིན་གོང་དོ་དམ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་བཏོན་ནས། གཙོ་གནད་གོ་རིམ་ཐད་ཀྱི་སྨན་རྫས་རིན་གོང་གི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་པར་བསྟན་ཡོད།
སྨན་རྫས་འཁོར་རྒྱུག་གི་ཐབས་ལམ་མི་འདྲ་བར་གཞིགས་ནས། 《བསམ་འཆར》ནང་སྨན་བཅོས་སྒྲིག་གཞིའི་ཆེད་ལས་ནུས་པ་འདོན་སྤེལ་དང་། སྨན་རྫས་ཚོང་ཁང་གིས་ལུགས་མཐུན་ངང་སྨན་རྫས་སིལ་ཚོང་རིན་གོང་བཟོ་རྒྱུར་ཁྲིད་སྟོན་བྱེད་པ། དྲ་ཐོག་སྨན་རྫས་ཚོང་ཁང་གི་རིན་གོང་ཤེས་རྟོགས་ནུས་པ་ཡག་པོར་སྤྱོད་པ་སོགས་ཀྱི་བྱ་ཐབས་ཁ་གསལ་བཟོས་ནས། རིགས་ཁག་གི་གཙོ་གཞི་རིན་གོང་གྲུབ་པའི་ནང་ཞུགས་པར་སྐུལ་ལྕག་བྱས་ཡོད།
སྨན་རྫས་ཀྱི་ཁྱབ་ཁོངས་མི་འདྲ་བར་གཞིགས་ནས། 《བསམ་འཆར》ནང་གསར་གཏོད་སྨན་རྫས་ཀྱི་སྣ་མང་གཏོང་སྤྲོད་དང་རིན་གོང་ལུགས་མཐུན་གྲུབ་པར་སྐུལ་འདེད་གཏོང་བ་དང་། སྨན་རྫས་དཀོན་པོའི་མཁོ་འདོན་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་ཤུགས་སྣོན་རྒྱག་པ། སྦྲིད་སྨན་དང་ཀླད་རྩའི་སྨན་རྫས་ཀྱི་རིན་གོང་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྨན་རྫས་ཀྱི་མ་བཅོས་དང་ཟུར་སྦྱོར་རྒྱུ་ཆའི་རིན་གོང་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས། འགག་རྩའི་ཁྱབ་ཁོངས་ཀྱི་སྨན་རྫས་ཀྱི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་རྒྱུན་འཁྱོངས་ཐུབ་པར་སྣེ་ཁྲིད་བྱེད་དགོས་པར་ནན་གྱིས་བསྟན་ཡོད།
《བསམ་འཆར》ནང་། སྨན་རྫས་ཀྱི་རིན་གོང་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ། སྨན་རྫས་རིན་གོང་གི་ཉེན་ཁའི་སྔོན་ཚུད་ཉེན་བརྡ་གཏོང་བ་དང་། སྨན་རྫས་ཀྱི་རིན་གོང་ཉེན་ཁའི་ཐག་གཅོད་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལུགས་མཐུན་མིན་པའི་རིན་གོང་འགྲན་རྩོད་ནང་འོས་ཐོན་གྱིས་མཁོ་སྤྲོད་ལ་ཤུགས་རྐྱེན་ཐེབས་རྒྱུར་དོགས་ཟོན་བྱེད་པ། སྨན་རྫས་དང་མ་བཅོས་རྒྱུ་ཆ་ཐོན་སྐྱེད་གཉེར་སྐྱོང་ཁྱབ་ཁོངས་སུ་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་ཆད་གཅོད་བྱེད་པ། སྨན་རྫས་ཁྱབ་ཁོངས་ཀྱི་འབྲེལ་ཐག་ཧྲིལ་པོའི་བརྟོལ་འཛུལ་རྣམ་པའི་རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། སྨན་རྫས་དང་སྨན་བཅོས་འགན་བཅོལ་ རིན་ཐང་དཔྱད་དཔོག་ལམ་ལུགས་འཛུགས་པ་སོགས་དམིགས་གཏད་རང་བཞིན་གྱི་བྱེད་ཐབས་ལག་བསྟར་བྱས་ཏེ། སྨན་རྫས་རིན་གོང་དེ་ལུགས་མཐུན་གྱི་ཁྱབ་ཁོངས་སུ་འཁོར་སྐྱོད་ཐུབ་པར་སྣེ་ཁྲིད་བྱེད་དགོས་པའི་བླང་བྱ་བཏོན་ཡོད། །