སྲིད་དོན། 详情

གུང་ཧོའི་ཐཱན་མེད་ཞབས་ཞུའི་ཁུལ་གྱིས་ལྗང་མདོག་འཕེལ་རྒྱས་ལ་གྲུབ་འབྲས་བཟང་བོ་བླངས།

2026-04-15 14:47:29 来源: 作者:དོན་འགྲུབ་སྒྲོལ་མ། 编辑:文毛却

  རང་ཚགས་པར་གྱི་འཕྲིན། ཟླ4པའི་ཚེས8ཉིན། པེ་ཅིང་ནས་ལྷ་སའི་བར་གྱིG6མྱུར་བགྲོད་གཞུང་ལམ་གྱི་གུང་ཧོ་ཞབས་ཞུའི་ཁུལ་དེ་མཚོ་སྔོན་ཞིང་ཆེན་གྱི་ཐཱན་མེད་ཞབས་ཞུའི་ཁུལ་ཐོག་མའི་དཔེ་སྟོན་ལས་གཞི་ཞིག་ཡིན་པའི་ཆ་ནས། ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་། ཐཱན་མེད་འཕེལ་རྒྱས་བཅས་ཀྱི་དམིགས་ཚད་གཙོ་བོར་བཟུང་ནས། འཛུགས་སྐྲུན་གྱི་ནུས་ཁུངས་གྲོན་ཆུང་བསྒྱུར་བཅོས་དང་། ཁྱབ་ཚུལ་རྣམ་པའི་འོད་ནུས་འཛུགས་སྐྲུན། རིག་ནུས་མ་ལག་བསྐྲུན་པ་བཅས་ཀྱི་བྱེད་ཐབས་གཙོ་བོ་གསུམ་ལ་སྐུལ་འདེད་བཏང་སྟེ།  ལྗང་མདོག་ནུས་ཁུངས་མཁོ་འདོན་དང་རིག་ནུས་ལས་ཆོད་ཆེ་བའི་ལས་གཉེར། ཐཱན་ཉུང་དམངས་ཕན་ཞབས་ཞུ་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་ལས་གཉེར་མ་ལག་གསར་འཛུགས་བྱས་ནས།  ལོ་གཅིག་གི་ལག་ལེན་བརྒྱུད་དེ་ལྗང་མདོག་འཕེལ་རྒྱས་ལ་གྲུབ་འབྲས་བཟང་བོ་བླངས་ཡོད། 

   2025ལོའི་ཟླ4པའི་ཚེས1ཉིན། ཐཱན་མེད་ཞབས་ཞུའི་ཁུལ་གྱི་རིག་ནུས་དོ་དམ་ཚོད་འཛིན་མ་ལག་བཀོལ་སྤྱོད་བྱེད་གོ་བཙུགས་པ་ནས་མིག་སྔའི་བར་དུ། གུང་ཧོའི་ཐཱན་མེད་ཞབས་ཞུའི་ཁུལ་གྱི་ནུས་ཁུངས་བེད་སྤྱོད་ཀྱི་ལས་ཆོད་དང་མ་གཅོག་ནུས་སྤེལ་ཐད་གྲུབ་འབྲས་མངོན་གསལ་བླངས། འོད་ནུས་མ་ལག་གིས་ཁྱོན་བསྡོམས་གློག་ཆུ་ཚོད་སྟོང་ཝ511706.6བཏོན་པ་དང་། དེའི་ནང་ཞབས་ཞུའི་ཁུལ་གྱིས་གློག་ཆུ་ཚོད་སྟོང་ཝ164715.9བེད་སྤྱོད་བྱས། དྲ་སྤྱོད་གློག་ལྷག་མ་ཆུ་ཚོད་སྟོང་ཝ285616.74ཡིས་ཞབས་ཞུའི་ཁུལ་གྱི་རྒྱུན་ལྡན་གྱི་འཁོར་སྐྱོད་ཁྲོད་ཐཱན་འབུད་ཉུང་གཏོང་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཤིང་། གསོག་ཉར་མ་ལག་གིས་གློག་ཆུ་ཚོད་སྟོང་ཝ45678.57གསོག་ནས་མཚན་མོ་དང་ཆར་བ་འབབ་དུས་ཀྱི་གློག་མཁོ་འདོན་ལ་འགན་སྲུང་བྱས། ལས་གཞིས་རང་འདོན་རང་སྤྱོད་དང་ལྷག་གློག་དྲ་འཇུག་གི་རྣམ་པ་བརྒྱུད་དེ། ཚོང་ལས་གློག་སྤྱོད་ཆུ་ཚོད་སྟོང་ཝ164715.9ཡི་ཟད་གྲོན་ཐད་ཀར་ཇེ་ཉུང་དུ་བཏང་ནས། ནུས་ཁུངས་བེད་སྤྱོད་འགྲོ་གྲོན་ཇེ་དམའ་རུ་བཏང་། དུས་མཚུངས་སུ། ཞབས་ཞུའི་ཁུལ་གྱིས་ཕྱོགས་ཡོངས་ནསLEDགློག་སྒྲོན་བརྗེ་བ་དང་། དྲོ་གྲང་སྙོམས་ཆས་ལེགས་བསྒྱུར། ཆུ་གྲོན་ཆུང་གི་གློག་ཆས་ཁྱབ་གདལ་དུ་གཏོང་བ་སོགས་ཕྱོགས་བསྡུས་ནུས་ཁུངས་གྲོན་ཆུང་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས། ལས་གཉེར་མ་རྩ་སྔར་ལས་ཇེ་དམའ་རུ་བཏང་སྟེ། ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་། དཔལ་འབྱོར་ཕན་འབྲས་མཐོ་བའི་ཕན་ཚུན་གཉིས་ཕན་གྱི་རྣམ་པ་མངོན་འགྱུར་བྱུང་ཡོད། མཚོ་སྔོན་ས་ཁུལ་གྱི་དགུན་དུས་སུ་ཉི་འོད་ཞན་པ་དང་ཁ་བ་འབབ་ཚད་མང་བའི་གནམ་གཤིས་ཀྱི་ཁྱད་ཆོས་ལ་དམིགས་ནས། དུས་ལྟར་ཤེལ་ལེབ་ཀྱི་འཁོར་ཕྱོགས་བསྒྱུར་བ་དང་དུས་ཐོག་ཏུ་གཙང་སེལ་བྱས་པ་མ་ཟད། རླུང་དང་འོད་ཀྱི་ཁ་གསབ་གློག་སྒྲོན་མ་ལག་ཆ་ཚང་འཛུགས་སྐྲུན་བྱས་ཏེ། དགུན་དུས་ཀྱི་འོད་ནུས་གློག་མཁོ་འདོན་མི་འདང་བར་ཁ་གསབ་ནུས་ལྡན་བྱས་ནས། ནུས་ཁུངས་མཁོ་འདོན་བརྟན་པོ་ཡོང་བར་འགན་ལེན་བྱས། །


热门新闻

热门图库

热门排行