ད་ལོར་རིག་སྨོན་ནས་མཚོ་སྔོན་པོ་དང་ཚྭ་ཁའི་བར་གྱི་གཞུང་ལམ་ལེགས་འགྲུབ་འབྱུང་རྒྱུ་རེད།
རང་ཚགས་པར་གྱི་འཕྲིན། ཉིན་འདི་འགའི་རིང་ལ།གུང་ཧོ་རྫོང་རིག་སྨོན་ནས་མཚོ་སྔོན་པོ་དང་ཚྭ་ཁའི་བར་གྱི་གཞུང་ལམ་འཛུགས་སྐྲུན་གྱི་ཡུལ་དངོས་སུ། འཕྲུལ་འཁོར་གྱིས་ལམ་འདིང་བ་དང་ལམ་ཁར་བཅག་འཐེན་པའི་ལས་ཀར་བྲེལ་ཏེ་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བཞིན་ཡོད་པ་རེད།

གུང་ཧོ་རྫོང་གི་རིག་སྨོན་ནས་མཚོ་སྔོན་པོ་དང་ཚྭ་ཁའི་བར་གྱི་གཞུང་ལམ་ནི་མཚོ་སྔོན་པོའི་ཨང་རིམ་དང་པོའི་སྐྱེ་ཁམས་མཛེས་ལྗོངས་ལམ་ཆེན་གྱི་གཞུང་ལམ་གལ་ཆེན་ཞིག་ཡིན་ལ།སྤྱིའི་རིང་ཚད་ལ་སྤྱི་ལེ121.3ཡོད་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར29.51བཏང་ཡོད། ལམ་ཐིག་ཧྲིལ་པོ་རིམ་པ་དང་པོའི་གཞུང་ལམ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་པ་དང་ཆུ་ཚོད་རེར་སྤྱི་ལེ80ལ་བསྐྱོད་ཐུབ་པར་ཇུས་འགོད་བྱས་ཡོད།གཞུང་ལམ་དེ་རིག་སྨོན་གྲོང་བརྡལ་གྱིG6མྱུར་བགྲོད་གཞུང་ལམ་གྱི་རིག་སྨོན་གྲོན་བསྡུའི་ས་ཚིགས་ནས་མགོ་བརྩམས་ཏེ།མཇུག་རྟ་ནག་མ་གྲོང་བརྡལ་གྱི་མཚོ་སྐོར་ནུབ་ལམ་གྱི་ལམ་མདོ་ནས་བྱང་ཕྱོགས་ཀྱི་སྤྱི་ལེ5སར་ཐོན་ནས།མཚོ་སྔོན་པོའི་ལྟེ་བའི་ཡུལ་སྐོར་ས་ཚིགས12དང་སྦྲེལ་ཡོད་ཅིང་།དེ་ནི་སྐྱེ་ཁམས་སྲུང་སྐྱོང་དང་རིག་ནུས་ཚན་རྩལ།འགྲིམ་འགྲུལ་དང་ཡུལ་སྐོར་ཟུང་འབྲེལ་བྱས་པའི་དེང་རབས་ཅན་གྱི་ཡུལ་སྐོར་ཆེད་སྤྱོད་གཞུང་ལམ་ཞིག་རེད།

རྒྱུས་ལོན་བྱས་པ་ལྟར་ན། རིག་སྨོན་ནས་ནུར་ལྕེ་བར་གྱི་གཞུང་ལམ2024ལོར་འཛུགས་སྐྲུན་བྱས་ཏེ་རླངས་འཁོར་ཤར་གཏོང་བྱེད་མགོ་བརྩམས་པ་དང་།ནུར་ལྕེ་ནས་རྟ་ནག་མའི་བར་གྱི་གཞུང་ལམ2025ལོའི་ཟླ6པའི་ཚེས30ཉིན་དངོས་སུ་རླངས་འཁོར་ཤར་གཏོང་བྱས་ཡོད།ལྷག་མའི་གཞུང་ལམ་གྱི་འཛུགས་སྐྲུན་དང་འགྲིམ་འགྲུལ་བདེ་འཇགས་ཀྱི་སྒྲིག་ཆས་བཀོད་སྒྲིག་སོགས་ཀྱི་བྱ་བ་མགྱོགས་མྱུར་སྒྲུབ་བཞིན་པའི་སྒང་རེད།སྔོན་དཔག་ལྟར་ན་ད་ལོར་སྤྱི་ལེ72ཡོད་པའི་ལམ་དཀྱིལ་བར་བཅད་སོགས་མཇུག་གི་ལས་འགན་ལེགས་འགྲུབ་བྱ་རྒྱུ་རེད།
གཞུང་ལམ་འདི་ལེགས་འགྲུབ་བྱུང་རྗེས་མཚོ་སྐོར་འགྲིམ་འགྲུལ་ལམ་དྲ་སྔར་ལས་ཇེ་ལེགས་སུ་བཏང་སྟེ།ཤར་བགྲོད་ཀྱི་ལས་ཕྱོད་མཐོར་འདེགས་སུ་གཏོང་བ་དང་།ཡུལ་སྐོར་གྱི་འགྲོ་སྐྱོད་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ།ལམ་རྒྱུད་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བཅས་བྱས་ཏེ། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱ་ཐུབ།།
