གཙོ་གནད། 详情

ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་མཉམ་དུ་ལུགས་རྙིང་ལོ་སར་བསུས།

2025-01-23 12:20:39 来源: 作者: 编辑:超级管理员

ཟླ1པའི་ཚེས20ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་དང་ཝང་ཧུའུ་ཉིང་། ཚའེ་ཆི་སོགས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཏང་ཕྱིའི་མི་སྣ་དང་མཉམ་དུ་ལུགས་རྙིང་ལོ་སར་བསུས།

ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་ཤིང་མོ་སྦྲུལ་ལོའི་ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས20ཉིན་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་པ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་དང་མཉམ་དུ། མཉམ་འཛོམས་བྱས་ནས་དུས་ཆེན་དགའ་བས་བསུས། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་ཚོགས་འདུར་ཞུགས།

གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲིན་ཅན་པང་དང་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ཏེན་ཀྲུང་ལིས། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མེན་ཅིན། དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུན། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧི་ཝེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙའོ་ཅུན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧོས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཞེ་ཞའོ་ལེང་དང་ཞུའུ་ཝེ་ཀང་སོགས་གདན་དྲངས་པ་ལྟར་བྱེད་སྒོར་ཞུགས། གདན་དྲངས་པ་ལྟར་བྱེད་སྒོར་ཞུགས་མཁན་ལ་ད་དུང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧི་ཧོའུ་ཧྭ་དང་ལེང་ཀྲེན་དབྱིན། མགོ་ཁྲིད་ལས་གནས་ནས་བུད་པའི་དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཟུར་པ་དང་ཀྲུའུ་ཞི་གཞོན་པ་དང་པོ། རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡོད།

ཚའེ་ཏཱ་ཧྥུན་གྱིས་དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཚབ་ཞུས་ནས་ཤིས་ཚིག་ཕུལ། ཁོས2024ལོར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཤིང་། དར་ཆ་མཐོན་པོར་བསྒྲེངས་ནས་འབད་བརྩོན་ཧུར་ཐག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་བསྡུས་ཏེ། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཇུས་ཐག་ཆེན་པོ་བཅད་ལ། འགྲན་རྩོད་ལ་ཁ་གཏད་ནན་མོ་འཇལ་བའི་བབ་དང་བསྟུན་ཏེ། བཅོས་སྒྱུར་དང་འཕེལ་རྒྱས་ལ་ཐོབ་དཀའ་བའི་གྲུབ་འབྲས་གསར་པ་བླངས་ཡོད། ལོ་གསར་པའི་ནང་དུ། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་དང་རང་རྟོགས་སྒོས་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གལ་ཆེན་ལ་དམ་པོར་དམིགས་ནས། བློ་རིག་དང་སྟོབས་ཤུགས་གཅིག་སྡུད་དང་བློ་འདོན་སྲིད་སྐྱོང་བྱས་ཏེ། མཉམ་དུ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་ལེའུ་གསར་པ་འབྲི་དགོས་ཟེར།

ཞི་ཅིན་ཕིང་གིས་ཚའེ་ཏཱ་ཧྥུན་གྱི་ཤིས་ཚིག་ཕུལ་བར་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས2024ལོ་ནི་མཁྲེགས་གཏོར་དཀའ་སེལ་དང་དཔའ་སྐྱེད་མདུན་སྐྱོད་བྱས་པའི་ལོ་ཞིག་ཡིན། ལོ་གཅིག་གི་རིང་ལ། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བབ་བསྟུན་དང་ཕྱོགས་བསྡུས་སྒོས་ཐབས་ཇུས་ལག་བསྟར་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐད་གོམ་སྟབས་བརྟན་པོ་དང་གོམ་སྟབས་གསར་པ་སྤོས་ཡོད། ང་ཚོས་རིམ་པ་སོ་སོ་དང་ཕྱོགས་སོ་སོས་དགེ་མཚན་ལྡན་པའི་ཆ་རྐྱེན་དང་མི་ལེགས་པའི་རྒྱུ་རྐྱེན་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་ཁྲིད་སྟོན་བྱས་ཏེ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་པར་བརྟེན། རྒྱལ་ཁ་ཐོབ་ངེས་པའི་ཡིད་ཆེས་ཆེ་རུ་ཕྱིན་ཡོད། ང་ཚོས་གསོག་ཚད་སྲིད་ཇུས་སོ་སོ་དོན་འཁྱོལ་ནུས་ལྡན་བྱས་པ་དང་། འཕར་ཚད་སྲིད་ཇུས་རབ་དང་རིམ་པ་འདོན་ཤུགས་ཆེ་རུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བར་བརྟེན། རང་རྒྱལ་གྱི་དཔལ་འབྱོར་ལ་སླར་གསོ་བཟང་པོ་བྱུང་བ་དང་། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆའི་ལྔ་འཕར་ཡོད། ང་ཚོས་རང་བདག་གསར་གཏོད་ལ་ཤུགས་བསྣན་ནས། ཚན་རྩལ་གྱི་མདུན་གྲལ་དུ་ཐོད་བརྒལ་གསར་པ་རབ་དང་རིམ་པ་མངོན་འགྱུར་བྱས་ཏེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། ང་ཚོས་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་བཏང་བ་དང་། ལས་དོན་ཁག་ཚང་མ་མཐུན་སྦྱོར་ངང་གོང་དུ་སྤེལ་རྒྱུར་མཐོང་ཆེན་བྱས་ཏེ། དམངས་ཚིས་ལ་འགན་སྲུང་ནུས་ལྡན་བྱས་ཡོད་ལ། མི་དམངས་མང་ཚོགས་ལ་ཐོབ་ཚོར་སྔར་ལས་གང་མང་བྱུང་ཡོད། ང་ཚོས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ནས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་རྒྱུན་འཁྱོངས་བྱས་ཡོད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་ནན་མོ་བཏང་སྟེ། འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་ལ་སྲུང་སྐྱོབ་དང་མིའི་རིགས་འཕེལ་རྒྱས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་ཆེད་དྲང་ཕྱོགས་ཀྱི་ནུས་ཤུགས་སྔར་ལས་གང་མང་བསྣན་ཡོད། ང་ཚོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་བ་དང་། བློ་བརྟན་འགྱུར་མེད་ངང་སྤྱོད་བསྲང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱས་པར་བརྟེན། ཏང་སྲོལ་དང་སྲིད་སྲོལ་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བརྟན་པོ་བྱས་པའི་འབྲས་བུ་ཡིན་ལ། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་དང་བཅས་པའི་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་བློ་བརྟན་འགྱུར་མེད་ངང་འབད་འཐབ་བྱས་པའི་འབྲས་བུ་ཡིན་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས2024ལོ་ནི་ཏང་མང་མཉམ་ལས་བྱ་གཞག་གིས་བདེན་སྲུང་གསར་གཏོད་བྱས་པ་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པའི་ལོ་ཞིག་ཀྱང་ཡིན། དམངས་གཙོའི་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ། བློ་འདོན་ཇུས་འབུལ་འབད་པས་བྱས་པ། དམངས་གཙོའི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་ཇུས་ཆོད་དང་ཕན་འབྲས་ལྡན་པའི་ཐབས་ཇུས་ལག་བསྟར་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ལྡན་དུ་གཏོང་བར་སྐུལ་འདེད་གཏོང་བའི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་གཏོང་བ་དང་སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་ཆེད་ལས་དོན་འབོར་ཆེན་བསྒྲུབས་ཡོད་ཅེས་གསུངས། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།

ཞི་ཅིན་ཕིང་གིས2025ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཡོངས་འགྲུབ་བྱེད་པའི་ལོ་ཡིན། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། སྔར་ལས་དགེ་མཚན་ལྡན་པའི་སྤྱིའི་སྲིད་ཇུས་ལག་བསྟར་བྱས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམ་འཛིན་བྱས་ནས། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ནས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱས་ཏེ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ཡག་པོ་ཞིག་རྩོམ་པར་རྨང་གཞི་བརྟན་པོ་འདིང་དགོས། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་དཀྱིལ་སྙིང་ལ་དམ་པོར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། རང་སོ་སོའི་ལེགས་ཆ་འདོན་སྤེལ་བྱས་ཏེ། མི་སེམས་དང་ཐུན་མོང་གི་ངོས་འཛིན། བློ་གྲོས། སྟོབས་ཤུགས་བཅས་གཅིག་སྡུད་སྔར་ལས་རྒྱ་ཆེར་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་བླང་བྱ་གསུམ་བཏོན་ཡོད་དེ། གཅིག་ནི་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་ལྟེ་མཐུན་སྒོར་དབྱིབས་ཡག་པོ་འབྲི་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པ་འདིར་མགོ་ཁྲིད་བྱེད་པའི་རྩ་བའི་ཁྱད་ཆོས་དམ་འཛིན་བརྟན་པོ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ནན་མོ་བྱས་ནས། ཡིད་ཆེས་བརྟན་གཏོང་དང་དམངས་སེམས་གཅིག་སྡུད། མི་སེམས་ལ་དྲོད་སྣང་སྟེར་བ། སེམས་མཐུན་འཛུགས་སྐྲུན་བཅས་ཀྱི་ལས་དོན་གང་མང་སྒྲུབ་སྟེ། ཕྱོགས་སོ་སོའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་དེ་འཕེལ་རྒྱས་ཀྱི་ཕན་འབྲས་སུ་ཏན་ཏིག་ངང་བསྒྱུར་དགོས། གཉིས་ནི་ལྟེ་བའི་ལས་དོན་དམ་འཛིན་བྱས་ནས་ཧུར་ཐག་སྒོས་ཐབས་ཇུས་དང་ནུས་ཤུགས་འབུལ་དགོས། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་གཞི་དང་གྲོས་འགོ་འདོན་པ་སོགས་ལ་དམ་པོར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་དང་སྲིད་གླེང་གང་ལེགས་བྱས་ཏེ། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གཙོ་གནད་དང་དཀའ་གནད་གནད་དོན་ལ་མུ་མཐུད་དམ་པོར་དམིགས་ཏེ་དམངས་གཙོའི་ལྟ་སྐུལ་བྱེད་དགོས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་གཉེར་དཔལ་འབྱོར་མི་སྣས་ལས་སྐྲུན་གྱི་བརྩོན་སེམས་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། དམངས་གཉེར་ཁེ་ལས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་ཁྲིད་སྟོན་གང་ལེགས་བྱེད་དགོས། གསུམ་ནི་རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ནས་འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་སྣེ་ཁྲིད་འབུར་ཐོན་ཡོང་བར་བྱས་ཏེ། རྒྱ་ཆེའི་ཁོངས་མིའི་ཐོག་མའི་བསམ་འདུན་དང་ལས་འགན་མི་བརྗེད་པར་ཁྲིད་སྟོན་དང་སྐུལ་སློང་བྱས་ཏེ། སྲོལ་རྒྱུན་བཟང་པོ་རྒྱུན་མཐུད་བྱས་ནས་འབད་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས། སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་ཟབ་སྤེལ་གཏོང་བ་དང་། ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་མཐུད་ངང་དོན་འཁྱོལ་བྱས་ནས་སྤྱོད་ཚུལ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས།

ཧྲི་ཐའེ་ཧྥུན་དང་དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་པ། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་བྱེད་སྒོར་ཞུགས།


热门新闻

热门图库

热门排行