ཞིང་ཆེན་གྱི་སྡེ་ཚན་བཅུས་མཉམ་འབྲེལ་ཐོག་སྤྱི་ཚོགས་ཀྱི་དར་མའི་སློབ་གསོ་ཟབ་སྦྱོང་ལས་ཁུངས་མུ་མཐུད་ཚད་ལྡན་བཏང་།
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12ཚེས19ཉིན། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་དམངས་སྲིད་ཐིང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཅུས། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་ཅུས། ཞིང་ཆེན་མེ་ཟོན་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག་སོགས་སྡེ་ཚན་གྱིས་གྲུབ་པའི་མཉམ་འབྲེལ་ལྟ་ཞིབ་ཚན་ཆུང་གིས་ཟི་ལིང་གྲོང་ཁྱེར་གྱི་སྤྱི་ཚོགས་དར་མའི་སློབ་གསོ་ཟབ་སྦྱོང་ལས་ཁུངས་དུ་མར་གློ་བུར་དུ་ཞིབ་བཤེར་བྱས་ཏེ། གནད་དོན་ཡོད་པ་དག་ལ་བཅོས་སྒྱུར་བཀའ་ཡིག་བསྒྲགས་པ་དང་། ཡུལ་དངོས་སུ་དག་ཐེར་ཐུབ་པ་དག་ལ་ལམ་སེང་དག་ཐེར་བྱེད་དུ་བཅུག ལམ་སེང་དག་ཐེར་བྱེད་མི་ཐུབ་པ་དག་དུས་མཚམས་བཅད་དེ་དག་ཐེར་བྱེད་དུ་བཅུག་སྟེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཀྱི་དར་མའི་སློབ་གསོ་ཟབ་སྦྱོང་དོ་དམ་ཚད་ལྡན་དུ་གཏང་བར་ཤུགས་བསྣན།
ལྟ་ཞིབ་ཚན་ཆུང་སྔ་གཞུག་ཏུ་ཧྲན་ཞིང་སློབ་གསོ་དང་། ཧྲང་ཨན་སློབ་གསོ། མཚོ་སྔོན་ཀྲི་ཧྲེང་སློབ་གསོ། མཚོ་སྔོན་ཧྥེན་པི་སློབ་གསོ། ཧྭ་ཐུའུ་སློབ་གསོ། ཀྲུང་གོང་སློབ་གསོ་སོགས་སློབ་མ་དང་ཁྱིམ་བདག་གིས་དོ་སྣང་ཆེན་པོ་བྱེད་པའི་དར་མའི་སློབ་གསོ་ཟབ་སྦྱོང་ལས་ཁུངས་སུ་བསྐྱོད་དེ། ཟབ་སྦྱོང་བྱེད་ས་དང་གཞུང་སྒྲུབ་བྱེད་སར་ཞིབ་བཤེར་བྱས་པ་དང་། ནང་སྒོས་སུ་སློབ་ཡོན་གྱི་ཚད་གཞི་གསལ་བོ་ཡིན་མིན་དང་། མེ་ཟོན་གྱི་བདེ་འཇགས་དོ་དམ་གནད་ལ་འཁེལ་ཡོད་མེད། འཕྲལ་བསྟུན་སྔོན་ཇུས་འཐུས་ཚང་ཡིན་མིན། སློབ་གསོའི་ཐོབ་ཐང་བླང་བྱ་དང་མཐུན་མིན་ལ་སོགས་ནས་ལྟ་སྐུལ་ཞིབ་བཤེར་བྱས།
སྡེ་ཚན་བཅུས་མཉམ་འབྲེལ་ཐོག་སྤེལ་བའི《སྤྱི་ཚོགས་ཀྱི་དར་མའི་སློབ་གསོ་ཟབ་སྦྱོང་ལྟ་སྐུལ་དོ་དམ་ལ་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ》གཞིར་བཟུང་།“བསྡུ་བྱའི་སློབ་མ་དང་། ཟབ་སྦྱོང་བྱེད་ས། སློབ་སྦྱོང་བྱེད་སྟངས། དུས་ཡུན། སློབ་ཡོན་བཅས་ཀྱི་རྣམ་གྲངས་དང་ཚད་གཞི་སོགས་གསལ་འབེབས་བྱེད་དགོས་པ་ལས། དྲིལ་སྒྲོག་རྫུན་མ་དང་གོ་ལོག་ཏུ་འཁྲིད་པའི་ནང་དོན་སྤེལ་མི་རིགས་པ། ”“སློབ་སྦྱོང་བྱེད་ས་དང་དེའི་མེ་ཟོན་མེ་འགོག བཟའ་ཆས། འཕྲོད་བསྟེན། དྲ་རྒྱའི་ཆ་འཕྲིན་ལ་སོགས་ཕྱོགས་ཀྱི་བདེ་འཇགས་དོ་དམ་དང་འཕྲལ་བསྟུན་སྔོན་བརྡ་ཐག་གཅོད་ཀྱི་ནང་རྐྱེན་ལམ་ལུགས་འཐུས་ཚང་བཟོ་བ་བཅས་ལ་ཤུགས་བསྣན་ཏེ། བདེ་འཇགས་ཀྱི་འགན་ཁུར་བ་དང་། བདེ་འཇགས་དང་ཉེན་ཟོན། གླེང་ཕྱོགས་ཚོད་འཛིན་ལ་སོགས་བྱེད་ཐབས་ལག་བསྟར་བྱས་ནས་བདེ་འཇགས་དང་འབྲེལ་བའི་འགན་ཁུར་ཕྱོགས་ནས་དོན་རྐྱེན་འབྱུང་བ་ལ་སྔོན་འགོག་བྱེད་དགོས་པ”ལ་སོགས་གསལ་འབེབས་བྱས་ཡོད་ན་ཡང་། ཞིབ་བཤེར་གྱི་གོ་རིམ་ཁྲོད་དུ། ལྟ་ཞིབ་ཚན་ཆུང་གིས་ཟབ་སྦྱོང་ལས་ཁུངས་ཁག་ཅིག་གིས་ཟབ་སྦྱོང་རྣམ་གྲངས་དང་། སློབ་ཡོན་སོགས་ཕྱིར་ཁྱབ་སྒྲོག་བྱས་མེད་པ་དང་། གཉེར་སྐྱོང་བྱ་ཡུལ་དུ་མེ་ཟོན་མེ་འགོག་སྒྲིག་ཆས་བསྒྲིགས་སྟངས་ལུགས་དང་མི་མཐུན་པ། འཕྲལ་བསྟུན་གློག་སྒྲོན་འགེལ་ས་ཚད་ལྡན་མིན་པ། བདེ་སྲུང་ཡོ་བྱད་དང་འཕྲལ་བསྟུན་སྔོན་ཇུས། བདེ་སྲུང་མི་སྣ་བཅས་བཀོད་སྒྲིག་གིས་མི་འདང་བ་དང་ལུགས་མཐུན་མིན་པ་ལ་སོགས་ཀྱི་གནད་དོན་མཆིས།
གསར་འགོད་པས་རྒྱུས་ལོན་པ་ལྟར་ན། སྤྱི་ཚོགས་ཀྱི་དར་མའི་སློབ་གསོ་ཟབ་སྦྱོང་ལས་ཁུངས་ཚད་ལྡན་དུ་གཏང་བ་ནི་ཡུན་རིང་གི་ལས་ཀ་ཞིག་ཡིན། དེའི་ཁོངས་གཏོགས་ཀྱི་ལས་ཁུངས་སོ་སོས་དུས་སྐབས་སྔོན་མའི་རྟོག་ཞིབ་གནས་ཚུལ་དང་མཉམ་འབྲེལ་ལྟ་ཞིབ་གྱི་མཇུག་འབྲས་ལ་ཞིབ་འཇུག་བྱས་ནས་ལས་ཀའི་ཁྲོད་དུ་གནས་པའི་གནད་དོན་དག་རེ་རེ་ནས་ཐག་གཅོད་བྱས་ཏེ། སྤྱི་ཚོགས་ཀྱི་དར་མའི་སློབ་གསོ་ཟབ་སྦྱོང་ལས་ཁུངས་ཚད་ལྡན་མིན་པ་དག་ཐེར་བྱེད་པའི་ལས་ཀ་གཅིག་གྱུར་འཆར་འགོད་བཟོས་ནས་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། ལས་འགན་ཁག་དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་བྱས། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས་ཀྱང་དུས་དེ་དང་བསྟུན་ནས་ཁོངས་གཏོགས་ཀྱི་སྤྱི་ཚོགས་ཀྱི་དར་མའི་སློབ་གསོ་ཟབ་སྦྱོང་ལས་ཁུངས་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། ལས་འགན་དོན་འཁྱོལ་མ་བྱས་པ་དང་། བྱེད་ཐབས་གནད་ལ་འཁེལ་མེད་པར་བརྟེན་ནས་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་པའི་འབྲེལ་ཡོད་སྡེ་ཚན་དང་འགན་འཁུར་བར་ཁྲིམས་སྲོལ་སྒྲིག་སྲོལ་ལྟར་ལས་འགན་བདའ་འདེད་བྱས།