གཙོ་གནད། 详情

ཞི་ཅིན་ཕིང་གིས་པར་ཙིར་གྱི་ཙུང་ཐུང་དང་མཇལ་མོལ་གནང་བ།

2024-11-22 09:29:56 来源: 作者: 编辑:超级管理员

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་11ཚེས་20ཉིན་གྱི་སྔ་དྲོ། པར་ཙིར་ལི་ཡའི་ཙུང་ཐུང་ལས་ཤག་གི་སྐྱ་རེངས་ཕོ་བྲང་དུ་པར་ཙིར་གྱི་ཙུང་ཐུང་ལུའུ་ལ་དང་མཇལ་མོལ་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བའི་གནས་རིམ་དེ་ལག་གདང་སྦྲེལ་ནས་དེ་བས་དྲང་གཞག་གི་འཛམ་གླིང་དང་དེ་བས་རྒྱུན་མཐུད་རུང་བའི་གོ་ལ་ཞིག་བསྐྲུན་རྒྱུའི་ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་རིམ་པ་སྤོར་རྒྱུའི་ཁྱབ་བསྒྲགས་གནང་ཡོད་པ་རེད།

དབྱར་འགོ་མའི་སྐབས་ཀྱི་པར་ཙིར་ལི་ཡའི་གནམ་ངོ་རབ་ཏུ་དྭངས་ཤིང་། སྐྱ་རེངས་ཕོ་བྲང་ཁོར་ཡུག་ཏུ་སྔོ་ལྗང་ལོ་འདབ་ཡོངས་སུ་རྒྱས། དཔའ་ཉམས་ལྡན་པའི་གུས་ལུགས་དམག་450གྲལ་འགྲིག་པོས་ལངས་ཡོད། སྐུ་སྲུང་རྟ་དམག་120ཡི་ཕེབས་སྲུང་འོག ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་སྐྱ་རེངས་ཕོ་བྲང་མདུན་གྱི་ཐང་ཆེན་ཐོག་ཕེབས་ཡོད།

ཙུང་ཐུང་ལུའུ་ལ་དང་སྐུ་ཟླ་ལུའོ་སང་རེ་ལ་ཡིས་སྤྲོ་སེམས་འཁོལ་པོས་ཞི་ཅིན་ཕིང་ལ་བསུ་བ་ཞུས་པ་དང་འབྲེལ། ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ཤིག་གཉེར་བ་རེད།

དམག་མིའི་རོལ་ཆ་རུ་ཁག་གིས་ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གཟབ་སྦྲེང་རུ་ཁག་གི་རུ་སྟར་ཁག་བགོས་ཀྱི་མཛད་སྒོར་ལྷན་དུ་གཟིགས་པ་དང་། ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོའི་བྱིས་པས་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ནས་སྤྲོ་སེམས་འཁོལ་པོས་ཞི་ཅིན་ཕིང་ལ་དགའ་བསུ་ཞུས་ཡོད། པར་ཙིར་གྱི་སྒྱུ་རྩལ་མཁས་ཅན་གྱིས་རྒྱ་སྐད་ཐོག་ནས《ངའི་མེས་རྒྱལ》ཞེས་པའི་གླུ་གཞས་བཏང་ཡོད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕར་ཕྱོགས་ཀྱི་ཕེབས་རོགས་མི་སྣ་དང་ཕྱག་བཏང་གནང་བ་རེད།

དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཇལ་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་པར་ཙིར་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ལོ་འདིར་པར་ཙིར་དུ་འཚམས་འདྲིར་སྐྱོད་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ད་གིན་ཙུང་ཐུང་ལུའུ་ལ་ཡིས་ང་ལ་གུས་ལུགས་མཐོ་ཤོས་ཀྱི་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ཤིག་གཉེར་བ་དེའི་ཐོག་ནས། ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་དེ་བཞིན་ཀྲུང་གོ་མི་དམངས་ལ་བརྩེ་བ་ཟབ་མོ་འཆང་ལུགས་གང་ལེགས་མཚོན་ཡོད་པས་ང་རང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཀྲུང་གོ་དང་པར་ཙིར་ནི་སའི་གོ་ལའི་ཕྱེད་ཤར་མ་དང་ཕྱེད་ནུབ་མའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་གཉིས་ཡིན། འདས་ཟིན་པའི་ལོ་50ལ་ཕྱིར་མིག་ལྟ་སྐབས། ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རི་ཀླུང་ལས་བརྒལ་ནས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་དབར་ཕན་ཚུན་བརྩི་འཇོག་དང་། གཉིས་ཕན་མཛའ་གྲོགས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་ཡང་དག་མཉམ་གནས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་ཐུབ་ཡོད། པར་ཙིར་ནི་ཀྲུང་གོ་དང་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་མཁན་རྒྱལ་ཁབ་ཐོག་མ་དང་། ཀྲུང་གོ་དང་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་མཁན་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཐོག་མ་དེ་ཡིན། ཉེ་བའི་ལོ་ཤས་རིང་། ང་དང་ཙུང་ཐུང་ལུའུ་ལ་ཡི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་པོ་ལས་དབང་གཅིག་མཐུན་གྱི་བློས་འགེལ་ཆོག་པའི་གྲོགས་པོ་དང་ཞི་བདེར་ཐུན་མོང་ཐོག་སྐུལ་མ་གཏོང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་སུ་འགྱུར་བཞིན་ཡོད། ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་ཕྱིན་པ་མ་ཟད། རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་ཡང་ཐུབ་པ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་དང་འདུན་པ་ཆེ་རུ་ཕྱིན་ནས། འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། དེ་རིང་ང་ཚོས་ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བའི་གནས་རིམ་དེ་ལག་གདང་སྦྲེལ་ནས་དེ་བས་དྲང་གཞག་གི་འཛམ་གླིང་དང་དེ་བས་རྒྱུན་མཐུད་རུང་བའི་གོ་ལ་ཞིག་བསྐྲུན་རྒྱུའི་ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་རྒྱུར་རིམ་སྤོར་བྱ་རྒྱུ་དང་། དུས་མཚུངས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་པར་ཙིར་གྱི་གོང་འཕེལ་འཐབ་ཇུས་དང་སྦྲེལ་མཐུད་བྱ་རྒྱུ་ཡིན། དེ་ནི་ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བ་གོང་འཕེལ་འགྲོ་བའི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་གཞན་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གོ་ལ་ཧྲིལ་པོའི་རང་བཞིན་དང་། འཐབ་ཇུས་རང་བཞིན། ཕུགས་ཕན་རང་བཞིན་བཅས་མངོན་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཡོངས་ཁྱབ་ཀྱི་རེ་སྒུག་དང་མཐུན་ཡོད་པས། ཕྱོགས་གཉིས་པོས་རང་རང་སོ་སོའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་མཁོ་འདོན་བྱ་རྒྱུ་དང་ཆབས་ཅིག ཀྲུང་གོ་དང་པར་ཙིར་གྱིས་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་། འཛམ་གླིང་གི་ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་ཀྱང་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་ཕྱོགས་དང་མཉམ་དུ་མིའི་རིགས་ཀྱི་མདུན་ལམ་ལ་བསམ་བློ་གཏོང་བ་དང་མི་དམངས་ཀྱི་བདེ་སྐྱིད་ལ་བསམ་བློ་བཏང་སྟེ། དུས་རབས་གསར་པའི་ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་ཕན་ཚུན་གྱི་གོང་འཕེལ་ལ་རམས་འདེགས་ཐུབ་པའི“ལག་རོགས་ཡག་ཤོས”བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་པ་དང་། དེ་བས་དྲང་གཞག་གི་འཛམ་གླིང་དང་དེ་བས་རྒྱུན་མཐུད་རུང་བའི་གོ་ལ་ཞིག་བསྐྲུན་རྒྱུའི་དམིགས་འབེན་གྱི་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱས་ཏེ། མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་གྱི་བྱ་གཞག་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས་འབྱུང་འགྱུར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་སྐོར་ལ་གྲོས་འགོ་ཁག་བཞི་བཏོན་གནང་བ་སྟེ། 

གཅིག་ནི་ལས་དབང་གཅིག་མཐུན་ཡིན་ཞིང་། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱ་རྒྱུ་སྲ་བརྟན་དུ་ཟམ་མི་ཆད་པར་གཏོང་དགོས། བདག་དབང་དང་། བདེ་འཇགས། མངའ་ཁོངས་ས་ཆ་ཆ་ཚང་སོགས་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཕན་ཚུན་བར་གྱི་བློས་འགེལ་ཆོག་པའི་འཐབ་ཇུས་རོགས་ཟླ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་མཐུན་སྒྲིལ་རོགས་རེས་དང་གཉིས་ཕན་མཉམ་རྒྱལ་ཐུན་མོང་གོང་འཕེལ་བཅས་དོན་གཉེར་བྱེད་མཁན་གྱི་དཔེ་མཚོན་གཏོད་དགོས། རིག་གནས་དང་། སློབ་གསོ། གཞོན་ནུ་སོགས་ཁྱབ་ཁོངས་ཀྱི་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་།  ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་པའི་དམངས་འདོད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པ་དང་།

གཉིས་ནི་གོང་འཕེལ་གཅིག་མཐུན་ཡོང་བར་བྱས་ཏེ། གོང་འཕེལ་གྱི་འཐབ་ཇུས་འབྲེལ་མཐུད་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་པར་ཙིར་གྱི་གོང་འཕེལ་འཐབ་ཇུས་འབྲེལ་མཐུད་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དང་། རྨང་གཞིའི་སྒྲིག་ཆས། དངུལ་རྩ། ཚན་རྩལ། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་གཙོ་བོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མཁའ་སྐྱོད་དང་། ཞིང་ལས་ཚན་རྩལ། དྭངས་གཙང་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོས་དབུལ་སྒྲོལ་འགག་གཏོར་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་གནས་བབ་གལ་ཆེན་ཐོག་བཞག་པ་དང་། པར་ཙིར་གྱི“དཀྲེས་ལྟོགས་སེལ་བར་བྱེད་པའི”འཆར་གཞིར་རྒྱབ་སྐྱོར་བྱེད་པ་བརྒྱུད། པར་ཙིར་ཕྱོགས་དབར་དབུལ་ཕོངས་ཉུང་གཏོང་གི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཐོག རྒྱལ་ཁབ་གཉིས་པོའི་མི་དམངས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་པར་བྱ་འདོད་ཡོད།

གསུམ་ནི་མཉམ་དུ་འགན་འཁུར་ཏེ། འཛམ་གླིང་གི་ཞི་བདེ་དང་དྲང་བདེན་ལ་སྲུང་སྐྱོང་བྱ་ཆེད་ ཀྲུང་གོ་དང་པར་ཙིར་གྱི་ནུས་པ་འདོན་སྤེལ་བྱེད་དགོས། དོན་ངོ་མའི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ་དང་། བདེན་པའི་གཏམ་ཤོད་པ་དང་བདེན་པའི་དོན་སྒྲུབ་པ་རྒྱུན་འཁྱོངས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་གོས་པར་ཙིར་གྱི་རྒྱལ་སྤྱིའི་གནས་བབ་དང་ཤུགས་རྐྱེན་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། རྒྱལ་སྤྱིའི་གར་སྟེགས་ཐོག་པར་ཙིར་གྱིས་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། པར་ཙིར་དབར་མཉམ་འབྲེལ་རྒྱལ་ཚོགས་དང་འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་སྒྲིག་གཞིའི་ནང་དུ་འབྲེལ་གཏུག་མཐུན་སྦྱོར་བྱེད་པ་དང་། པར་ཙིར་གྱིས་སང་ལོ་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བར་རྒྱབ་སྐྱོར་བྱེད་པ། འབོ་གསེར་ཆེ་མོའི་མཉམ་ལས་ཀྱི་སྤུས་མཐོའི་གོང་འཕེལ་ལ་རོགས་འདེགས་བཅས་བྱས་ཏེ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་སོགས་ཀྱི་དོན་དུ་འབོ་གསེར་གྱི་གསུང་སྒྲ་དེ་བས་ཆེ་བ་བསྒྲགས་འདོད་ཡོད།

བཞི་ནི་སྐྱིད་སྡུག་མཉམ་མྱོང་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་ཀྲུང་གོ་དང་པར་ཙིར་གྱི་ནུས་པ་འདོན་སྤེལ་བྱེད་དགོས། ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོ་ནི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཆ་ནས། སྣེ་ཁྲིད་ཏེ་མཉམ་གྲོས་མཉམ་མོལ་བྱེད་པ་དང་། “གོ་ལ་ཧྲིལ་པོའི་མཉམ་རོགས”ལ་སྐུལ་འདེད་གཏོང་བ་བརྒྱུད། མིའི་རིགས་ཀྱི་མདུན་ལམ་ལས་དབང་དང་འབྲེལ་བ་ཡོད་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་ལ་ཕྱར་བ་གྲུ་འདེགས་ཐོག་ནས་ཁ་གཏད་གཅོག་དགོས། ལྗང་མདོག་བརྗེ་སྒྱུར་དང་། རྒྱུན་མཐུད་རུང་བའི་གོང་འཕེལ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། མི་ཐབས་རིག་ནུས་བཅོས་སྐྱོང་སོགས་ཁྱབ་ཁོངས་ནང་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། པར་ཙིར་གྱིས《མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་ནང་གི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་གྲོས་ཚོགས་ཐེངས་སུམ་ཅུ་པ་ཡག་པོ་གཉེར་རྒྱུར་ཀྲུང་གོས་རྒྱབ་སྐྱོར་བྱེད་འདོད་ཡོད་པ་བཅས་རེད།

ཞི་ཅིན་ཕིང་གིས། ལོ་བཅུའི་གོང་། ང་རང་གིས་པར་ཙིར་ལི་ཡར་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ཐུན་མོང་ཐོག་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་ནས། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་འདྲ་མཉམ་དང་། གཉིས་ཕན། གསར་གཏོད། སྒོ་དབྱེ། དམངས་ཕན་བཅས་ཀྱི་དུས་རབས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་དང་མཉམ་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་མུ་མཐུད་ཡག་པོ་གཉེར་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དེ་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་ས་ཁུལ་གྱི་གོང་འཕེལ་གྱི་བཟང་ཆ་དང་དགོས་མཁོ་དང་སྦྲེལ་མཐུད་སྔར་བས་ཡག་པོ་བྱས་ཏེ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་པར་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།

ལུའུ་ལ་ཡིས། པར་ཙིར་དང་ཀྲུང་གོ་ནི་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་བློས་འགེལ་ཆོག་པའི་གྲོགས་པོ་ཡག་པོ་ཡིན་པ་དང་། ཀྲུང་གོ་ནི་པར་ཙིར་གྱི་འཐབ་ཇུས་མཉམ་ལས་རོགས་ཟླ་གལ་ཆེ་ཤོས་ དང་། ཀྲུང་གོའི་མི་དམངས་ནི་པར་ཙིར་མི་དམངས་ཀྱིས་རྦད་དེ་བློས་འགེལ་ཆོག་པའི་གྲོགས་པོ་བཅས་ཡིན། ད་ལོ་ནི་པར་ཙིར་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་ཞིག་ཡིན། གལ་ཆེའི་དུས་ཚོད་དེའི་རིང་ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་པར་ཙིར་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་རྒྱུ་ཡིན། ད་གིན་གྱི་དགའ་བསུ་ཞུ་བའི་མཛད་སྒོའི་ཐོག ང་རང་ནས་པར་ཙིར་གྱི་སྒྱུ་རྩལ་མཁས་ཅན་གྱིས་རྒྱ་སྐད་ཀྱི་གླུ་གཞས་གྲགས་ཅན་《ངའི་མེས་རྒྱལ》ཞེས་པ་གཏོང་རྒྱུ་ཆེད་མངགས་བཀོད་སྒྲིག་བྱས་ནས། ན་ནིང་ང་རང་ཀྲུང་གོར་འཚམས་འདྲི་ཞུ་སྐབས་ཀྲུང་གོ་ཕྱོགས་ཀྱིས་སྤྲོ་སེམས་ཆེན་པོས་སྣེ་ལེན་ཞུས་པར་ཐུགས་རྗེ་ལན་འབུལ་ཞུ་རྒྱུ་དང་འབྲེལ་པར་ཙིར་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་པར་བྱ་རྒྱུ་ཡིན། འདས་ཟིན་པའི་ལོ་50ཡི་རིང་། པར་ཙིར་དང་ཀྲུང་གོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། པར་ཙིར་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་བ་དེ་འགོ་འཛུགས་ས་གསར་པར་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་གསར་པ་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་བཏང་ཐོག དེ་བས་གཞུང་དྲང་གི་འཛམ་གླིང་དང་དེ་བས་རྒྱུན་མཐུད་རུང་བའི་གོ་ལའི་པར་ཙིར་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། པར་ཙིར་གྱིས“མགྱོགས་མྱུར་འཕར་བའི་འཆར་གཞི”དང་། “བཟོ་ལས་གསར་པའི་འཆར་གཞི” “ལྷོ་ཨ་མེ་རི་ཁའི་གཞི་གཅིག་ཅན་གྱི་ལམ་ཐིག་འཆར་གཞི”སོགས་གོང་འཕེལ་གྱི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད། དེ་དག་ཀྲུང་གོ་ཕྱོགས་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད་པས། ཕྱོགས་གཉིས་པོས་གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ཚེ། པར་ཙིར་གྱི་སླར་ཡང་བཟོ་ལས་ཅན་དུ་འགྱུར་བའི་འཕེལ་རིམ་ལ་རོགས་རམ་ཤུགས་ཆེན་ཐུབ་རྒྱུ་དང་། ལྷོ་ཨ་མེ་རི་ཁའི་གཞི་གཅིག་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཐེབས་རྒྱུ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་གྱི་མིག་དཔེ་གཏོད་ཐུབ། ཕྱོགས་གཉིས་པོའི་ལས་དོན་ཚོགས་ཆུང་གིས་རྨང་གཞིའི་སྒྲིག་བཀོད་དང་། དངུལ་རྩ། ཐོན་ལས་སྦྲེལ་ཐག ཚན་རྩལ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲོས་བསྡུར་དང་སྐུལ་འདེད་གཏོང་རྒྱུར་དམ་འཛིན་བྱེད་དགོས། ཀྲུང་གོའི་ཁེ་ལས་དེ་བས་མང་བ་པར་ཙིར་དུ་མ་འཇོག་མཉམ་ལས་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། པར་ཙིར་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་འབྲེལ་མཉམ་མཐུད་དང་ཟོག་འདྲེན་གྱི་ཆུ་ཚད་མཐོ་རུ་བཏང་ནས། པར་ཙིར་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཀྲུང་གོ་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། པར་ཙིར་ཕྱོགས་ཀྱིས“འཇམ་འཐབ་གསར་པར”ངོ་རྒོལ་བྱེད་པ་དང་། འཛམ་གླིང་སྣེ་མང་ཅན་དང་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་ལ་བརྟེན་པའི་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། འབོ་གསེར་རྒྱལ་ཁབ། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་འབྲེལ་གཏུག་དང་རོགས་ལས་མུ་མཐུད་ཟབ་ཏུ་བཏང་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་འདོད་ཡོད། པར་ཙིར་ཕྱོགས་ཀྱིས་ཀྱང་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་རོགས་ལས་མུ་མཐུད་ཟབ་ཏུ་བཏང་ནས། ཡུག་རེན་གྱི་ཉམས་ཉེན་སོགས་དོ་ཁུར་ཆེ་བའི་གནད་དོན་ཞི་བའི་སྒོ་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད། ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་བ་དེ་པར་ཙིར་དང་ཀྲུང་གོའི་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པ་ཞིག་ཏུ་གྱུར་ནས། པར་ཙིར་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་ལེའུ་གསར་པ་འགོ་བརྩམས་ཡོད་ཅེས་བསྟན་གནང་འདུག

མཇལ་མོལ་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《དེ་བས་དྲང་གཞག་གི་འཛམ་གླིང་དང་དེ་བས་རྒྱུན་མཐུད་རུང་བའི་གོ་ལ་ཞིག་བསྐྲུན་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པར་ཙིར་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པའི་མཉམ་འབྲེལ་གསལ་བསྒྲགས》ལ་ལྷན་དུ་མཚན་རྟགས་བཀོད་གནང་ཡོད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས《“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ“མགྱོགས་མྱུར་འཕར་རྒྱུའི་འཆར་གཞི”དང་།“པར་ཙིར་གྱི་བཟོ་ལས་གསར་པའི་འཆར་གཞི”“འབྱུང་ཁམས་བརྗེ་སྒྱུར་འཆར་གཞི”“ལྷོ་ཨ་མེ་རི་ཁའི་གཞི་གཅིག་ཅན་གྱི་ལམ་ཐིག་འཆར་གཞི”བཅས་དང་སྦྲེལ་མཐུད་བྱ་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་པར་ཙིར་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་མཉམ་ལས་འཆར་གཞིར》མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་ཡོད།

འཚམས་འདྲི་གནང་རིང་། ཕྱོགས་གཉིས་པོས་ད་དུང་དཔལ་འབྱོར་ཉོ་ཚོང་དང་། མ་འཇོག ཞིང་ལས། གྲངས་འཛིན་དཔལ་འབྱོར། རྒྱུན་མཐུད་རུང་བའི་གོང་འཕེལ། ཚན་རྩལ། མི་ཐབས་རིག་ནུས། གོ་ལ་ཧྲིལ་པོའི་གོང་འཕེལ་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་30ལྷག་ཙམ་ལ་མཚན་རྟགས་བཀོད་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད།

热门新闻

热门图库

热门排行