ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་མགྱོགས་མྱུར་ངང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས་པར་བསྟན།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས5ཉིན་གྱི་སྔ་དྲོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེ་ཞན་ཉིང་གྲོང་ཁྱེར་ཅ་ཡུས་རྫོང་ཕན་ཅ་ཝན་གྲོང་རྡལ་དུ་ཕེབས་ནས་ས་གནས་དེ་གའི་ལེ་དབར་བཅུའི་སྔོ་ཚལ་བར་ཁྱམས་རིང་མོ་ནས་སྔོ་ཚལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་རྒྱུས་ལོན་གནང་ཞིང་། སི་དབྱི་གྲོང་ཚོའི་རྒན་གསོའི་ཞབས་ཞུའི་ས་ཚིགས་ཀྱི་ཟ་ཁང་དང་། འཕྲོད་བསྟེན་ཁང་། ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་བཅས་སུ་རྟོག་ཞིབ་གནང་བ་མ་ཟད་གྲོང་མིའི་ཁྱིམ་ཚང་དུ་གཟིགས་པར་ཕེབས་པ་རེད། ཞི་ཅིན་ཕིང་གིས་ཡུལ་མི་སྤུན་ཟླ་ཚོར་གསུང་རྒྱུར། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་མགྱོགས་མྱུར་ངང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་ཡིན་པས། གྲོང་གསེབ་དར་སྤེལ་གཏོང་བར་ཐོག་མར་ཐོན་ལས་ལ་བརྟེན་དགོས་པ་དང་། ཞིང་ལས་སྤེལ་ནའང་ཕྱུག་པོར་འགྱུར་ཐུབ་པས། ཞིང་ལས་ལ་མདུན་ལམ་ཆེན་པོ་ཡོད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས“ཞིང་གསུམ”ལས་དོན་ལ་དམ་འཛིན་བྱས་ཏེ་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཞབས་ཞུ་འཐུས་ཚང་དུ་བཏང་ནས། མང་ཚོགས་ཀྱི་འཚོ་བ་སྔར་བས་ཇེ་ལེགས་སུ་གཏོང་བ་དང་ཡག་ཐོག་ཡག་བརྩེགས་ཡོང་བར་བྱེད་དགོས། །