གཙོ་གནད།2 详情

ལིས་ཀང་གིས་ཁྲི་ཀ་དང་ཀོས་ནན་རྫོང་དུ་འབྲུབ་འགོག་གནོད་སེལ་གྱི་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་བ།

2024-09-13 08:26:04 来源: 作者: 编辑:超级管理员

རང་ཚགས་པར་གྱི་འཕྲིན།ཟླ9པའི་ཚེས7ཉིན་ནས་ཚེས8ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་ཁྲི་ཀ་དང་ཀོས་ནན་རྫོང་དུ་འབྲུབ་འགོག་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་།ཡུལ་དངོས་སུ་གནོད་འཚེ་ཕོག་པའི་གནས་ཚུལ་དང་གཞུང་ལམ་མྱུར་བཟོ། མང་ཚོགས་བཀོད་སྒྲིག་སོགས་ལ་རྟོག་ཞིབ་བྱས་ཤིང་།འབྲུབ་འགོག་གནོད་སེལ་གྱི་གནས་ཚུལ་ངོ་སྤྲོད་བྱས་པར་ཉན་ཏེ་མང་ཚོགས་ཡོངས་ལ་འབྲུབ་འགོག་གནོད་སེལ་གྱི་ཤེས་བྱ་དྲིལ་སྒྲོག་བྱས་པར་མ་ཟད།གཞི་རིམ་ལས་བྱེད་པ་དང་མཉམ་དུ་འབྲུབ་འགོག་བྱེད་ཐབས་ལ་ཞིབ་འཇུག་དང་ཉམས་མྱོང་བརྗེ་རེས་བྱས་པ་རེད།

ཚེས8ཉིན་གྱི་དགོང་མོ་ལིས་ཀང་ཞིང་ཆེན་ཡོངས་ཀྱི་འབྲུབ་འགོག་བཀོད་གཏོང་ཚོགས་འདུར་ཞུགས་པ་དང་།ཚོགས་འདུའི་རྗེས་སུ་ཁུལ་ཡོངས་ཀྱི་འབྲུབ་འགོག་བྱ་བའི་ཚོགས་འདུར་མགོ་འཛིན་བྱས་ཏེ་ཉེ་ཆར་དྲག་ཆར་བབས་པའི་གནམ་གཤིས་ལ་ཇི་ལྟར་ཁ་གཏད་དགོས་པའི་ཕྱོགས་ནས་བྱ་བའི་བླང་བྱ་བཏོན།གཅིག་ནི་འབྲུབ་འགོག་གི་འགན་འཁྲི་ནན་འཁུར་གྱིས་ཁུལ་དང་རྫོང་།ཤང་དང་སྡེ་བ་བཅས་རིམ་པ་བཞི་མཉམ་འབྲེལ་བྱས་ནས་ཁུལ་རིམ་པའི་བཀོད་འདོམས་བྱེད་པ་དང་།རྫོང་རིམ་པའི་གཅིག་གྱུར་མཐུན་སྦྱོར་བྱེད་པ།ཤང་དང་གྲོང་རྡལ་གྱིས་དོན་འཁྱོལ་བྱེད་པ།སྡེ་བ་རིམ་པའི་རམ་འདེགས་བྱེད་པའི་འགན་འཁྲི་ལག་བསྟར་བྱས་ཏེ། འབྲུབ་འགོག་གནོད་སེལ་གྱི་ཁོངས་གཏོགས་ས་ཆའི་འགན་འཁྲི་ནན་མོར་འཁུར་ནས།ཤེས་རྟོགས་མཐོ་བ་དང་བྱ་བར་གྲ་སྒྲིག་ཡོད་པ།འཕྲལ་བསྟུན་གྱི་འཆར་གཞི་ཡོད་པ།དངོས་ཟོག་ལ་གྲབས་གསོག་ཡོད་པ།འཕྲིན་གཏོང་ལ་འགན་སྲུང་ཡོད་པ་བཅས་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་འབྲུབ་འགོག་གནོད་སེལ་གྱི་གནས་ཚུལ་ལ་རྒྱུས་ལོན་པར་བྱ་དགོས།གཉིས་ནི་ནུས་ཤུགས་ཡོད་རྒུས་འགག་རྩའི་བྱེད་ཐབས་དོན་འཁྱོལ་གྱིས་ཆར་ཆུའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ་གནམ་གཤིས་སྔོན་བརྡའི་ཉེན་བརྡ་བཏང་རྗེས་འབྲུབ་འགོག་གནོད་སེལ་གྱི་འགག་རྩའི་བྱེད་ཐབས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།མང་ཚོགས་མགྱོགས་མྱུར་གནས་སྤོར་བྱས་ཏེ་ཉེན་ཁ་ལས་གཡོལ་བར་བྱེད་པ།ཁྱད་པར་དུ་རྒན་པ་དང་ནད་པ།དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིར་ལྟ་རྟོག་འོས་འཚམ་ཡོང་བར་ཁག་ཐེག་བྱེད་པ།ཆུ་ལོག་འབྱུང་སླ་བའི་ས་ཆ་དང་ཉེན་ཁ་ཆེ་སའི་འཛུགས་སྐྲུན་ལས་གཞི།ཕྱི་རོལ་གྱི་བྱ་འགུལ་སོགས་དུས་ལྟར་མཚམས་འཇོག་པ་དང་།འགྲིམ་འགྲུལ་དོ་དམ་ཡག་པོ་བྱས་ནས་གཞུང་ལམ་གཙོ་བོར་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལམ་རྡིབ་པ་དང་རི་ཉིལ་བ།ཟམ་པར་སྐྱོན་ཤོར་བ་སོགས་ཀྱི་ཉེན་ཁ་ཤེས་རྟོགས་བྱུང་ཚེ།དུས་ཐོག་ཏུ་བགྲོད་ལམ་བཀག་སྡོམ་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱ་དགོས། གསུམ་ནི་ས་གཤིས་ཀྱི་གནོད་འཚེ་ཕོག་སའི་གནས་དང་གཞུང་ལམ། ཟམ་པ་སོགས་ལ་སྐོར་ཞིབ་ནན་མོ་བྱས་ནས།ཆུ་ལོག་འབྱུང་སླ་སར་སྔ་མོ་ནས་གྲལ་བཤེར་བྱས་ཏེ་གནོད་འཚེ་སྔོན་འགོག་བྱ་དགོས་པར་མ་ཟད།གྲལ་བཤེར་བྱས་པའི་མཇུག་འབྲས་དུས་ལྟར་ཁྱབ་སྒྲོག་བྱེད་པ།གནོད་འཚེ་བྱུང་ཟིན་པའི་ས་ཆའི་སྒྲིག་བཀོད་མྱུར་བཟོ་བྱས་ཏེ་ཡང་བསྐྱར་གནོད་འཚེ་མི་འབྱུང་བར་ཁག་ཐེག་བྱ་དགོས།བཞི་ནི་གནོད་འཚེ་ཕོག་པའི་གནས་ཚུལ་གྲལ་བཤེར་བྱས་ཏེ་གནོད་འཚེ་ཐེབས་པའི་ལམ་དང་ཟམ་པ།གཞུང་ལམ།དེ་བཞིན་ཕྱུགས་རིགས་ཤི་བའི་གནས་ཚུལ་སོགས་ལ་གཞིགས་ནས་གནོད་འཚེ་ཕོག་ཚད་དང་ཁྱབ་ཁོངས། འགྲིམ་འགྲུལ་གྱི་ས་མཚམས་ཆད་པ་དང་ཤུགས་རྐྱེན་ཐེབས་ཚད་སོགས་བསྡོམས་རྩིས་བྱས་ནས།གྲངས་ཀ་ཡང་དག་པ་དང་པར་རིས་གསལ་བོ་ཡིན་པ།ཕྱི་རོལ་ཡུལ་གྱི་གནས་བབ་དབྱེ་ཞིབ་བཅས་ལ་བརྟེན་ནས་གོང་རིམ་སྡེ་ཁག་གི་ལས་གཞི་དང་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ།གནོད་འཚེ་ཕོག་པའི་ས་ཁུལ་སླར་གསོ་བྱེད་པར་ནུས་པ་འདོན་དགོས།ལྔ་ནི་མང་ཚོགས་ལ་ལོ་ཏོག་བསྡུ་བར་རོགས་རམ་བྱས་ཏེ།མིག་སྔར་འབྲུབ་འགོག་གི་གནས་བབ་ཧ་ཅང་ཛ་དྲག་ཡིན་པ་དང་།ས་བབ་མཐོ་སའི་ས་ཁུལ་གྲོ་ཞིང་བསྡུ་བའི་དུས་སུ་སླེབས་ཡོད་པས།རྫོང་དང་ཞིང་ཕྱུགས་སྡེ་ཁག་སོ་སོས་བཀོད་གཏོང་ཞབས་ཞུར་ཤུགས་སྣོན་ཏེ།ཞིང་འབྲེག་འཕྲུལ་ཆས་ཀྱི་བཀོད་སྒྲིག་ལ་མཐུན་སྦྱོར་དང་གཞོགས་འདེགས་བྱས་ནས་མང་ཚོགས་ལ་སྐུལ་སློང་སྒོས་སྔ་མོ་ནས་ཞིང་བསྡུའི་ལས་ཀ་དམ་འཛིན་དང་ཞིང་ལས་སྐྱེ་དངོས་ལ་གྱོང་གུད་མི་ཐེབས་པ་ཁག་ཐེག་བྱེད་པ།ཏང་ཡོན་ལས་བྱེད་པས་དཔེ་བཟང་གི་སྣེ་ཁྲིད་ནུས་པ་བཏོན་ནས་མང་ཚོགས་ཀྱི་ལོ་ཏོག་དུས་ལྟར་བསྡུ་ཐུབ་པར་རོགས་སྐྱོར་བྱས་ཏེ་འབྲུ་རིགས་མཛོད་དུ་བསྡུ་ཐུབ་པར་ཁག་ཐེག་བྱ་དགོས།དྲུག་ནི་སྐུལ་སློང་དང་ཆད་གཅོད་ཀྱི་བྱེད་ཐབས་ཟུང་དུ་སྦྲེལ་ནས་རྩ་འཛུགས་སྡེ་ཁག་གིས་འབྲུབ་འགོག་གནོད་སེལ་གྱི་འཐབ་ཕྱོགས་དང་པོའི་ལས་བྱེད་པར་རྟོག་ཞིབ་བྱས་ཏེ་ལས་བྱེད་པར་གདེང་འཇོག་བྱེད་པའི་གཞི་འཛིན་ས་བྱེད་པ།

དྲིལ་སྒྲོག་སྡེ་ཁག་གིས་འབྲུབ་འགོག་གནོས་སེལ་ཁྲོད་ཀྱི་ཏང་ཡོན་ལས་བྱེད་པའི་སྔོན་ཐོན་དཔེ་མཚོན་གྱི་སྙིང་སྟོབས་དྲིལ་སྒྲོག་བྱས་ནས་ཁོང་ཚོའི་འགན་འཁྲི་འཁུར་ཕོད་པ་དང་དོན་དངོས་ལག་ཏུ་བསྟར་བར་གཟེངས་བསྟོད་བྱེད་པ།སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་འབྲུབ་འགོག་དུས་སུ་བྱ་བ་ནན་ཏན་མ་བསྒྲུབ་པར་ནོར་འཆུག་བྱུང་སྟེ་གྱོང་གུད་ཚབས་ཆེན་བཟོས་པར་རྩད་གཅོད་ནན་པོ་བྱ་དགོས་པ་བསྟན།

ཁྲི་ཀ་རྫོང་དུ་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས་ལིས་ཀང་གིས་ཡུལ་དངོས་སུ་ཆུ་གློག་ཆུང་གྲས་ཀྱི་གནད་དོན་སྒྲིག་བཅོས་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་བྱས་ནས་བླང་བྱ་གསུམ་བཏོན་ཡོད་དེ།གཅིག་ནི་ངེས་པར་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོ་རུ་གཏོང་དགོས་ཤིང་།ཆུ་གློག་ཆུང་གྲས་ཀྱི་གནད་དོན་སྒྲིག་བཅོས་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་སྐོར་གྱི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པ་དང་།ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་སྒྲིག་བཅོས་ལ་དམ་འཛིན་ཞིབ་ཕྲའི་བྱ་སྤྱོད་ལ་བརྩིས་ནས། མཐའ་གཅིག་ཏུ་ཆབ་སྲིད་ཐད་ནས་སྒྲུབ་པ་དང་ཆབ་སྲིད་ཐད་ནས་སྒྲིག་བཅོས་བྱས་ཏེ།རྣམ་འགྱུར་ནན་མོ་དང་ཚད་གཞི་ནན་མོ།སྤྱོད་ཚུལ་ནན་མོ་བཅས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཆད་ལུས་མེད་པར་དག་ཐེར་ཡོ་བསྲང་མཐར་ཕྱིན་པ་བྱ་དགོས། གཉིས་ནི་ངེས་པར་དུ་གཅིག་ཤེས་ཀུན་གྲོལ་མཐའ་འཁྱོངས་བྱ་དགོས།ཆུ་གློག་ཆུང་གྲས་གནད་དོན་གྱི་བསླབ་བྱ་བསྡུ་ལེན་ནན་མོ་བྱས་ཏེ།གཅིག་ཤེས་ཀུན་གྲོལ་དང་ཆད་ལུས་ཁ་གསབ། དམིགས་ཚད་མཐོར་འདེགས་སུ་གཏོང་བ་བཅས་བྱས་ནས་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་སྒྲིག་འགལ་བྱ་སྤྱོད་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས།དེ་དང་ཆབས་ཅིག་གནད་དོན་སྒྲིག་བཅོས་དང་སྐྱེ་ཁམས་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལས་གཞིའི་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ། འབབ་རྒྱུད་ཆུང་གྲས་ཀྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་གནད་དོན་གཅིག་དག་ཐེར་ཡོ་བསྲང་བྱས་ན།གནད་དོན་རིགས་གཅིག་མེད་པར་བཟོས་ཏེ་ཁྱབ་ཁོངས་གཅིག་ཚད་ལྡན་དུ་བཏང་བ་མངོན་འགྱུར་བྱ་དགོས།གསུམ་ནི་ངེས་པར་དུ་ཁྱད་ཆོས་ལྡན་པའི་མ་དཔེ་བསྐྲུན་དགོས། ཆུ་གློག་ཆུང་གྲས་ཀྱི་གནད་དོན་བཅོས་སྒྲིག་བྱ་རྒྱུ་དེ་མེད་པར་བཟོ་རྒྱུ་དམ་འཛིན་བྱེད་པའི་རྨང་གཞིའི་ཐོག་རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས།ཁོར་ཡུག་སྲུང་སྐྱོང་གི་གནད་དོན་སྣ་ཚོགས་སྒྲིག་བཅོས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ཚད་གཞི་སྔར་ལས་མཐོ་རུ་གཏོང་དགོས། དྭངས་ཤིང་གཙང་བའི་ཆུ་བོ་དང་མཚེའུ་མཛེས་པར་བྱས་ཏེ་སྐྱེ་ཁམས་ཀྱི་དཔེ་མཚོན་བཏོད་པ།སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་གི་རྣམ་པ་གསར་པ་དེ་ཁྲི་ཀའི་ཆུ་བོ་དང་མཚེའུ་ཡི་མཛེས་པའི་མིང་བྱང་གསར་པ་ཞིག་ཏུ་འགྱུར་བར་བྱ་དགོས་ཞེས་བསྟན།

ཀྲང་ཅི་ཙུང་དང་སུན་ཅུན་ཞ། ཀྲུའུ་ལིན་བཅས་ཚོགས་འདུར་ཞུགས་པ་རེད།


热门新闻

热门图库

热门排行