སྒྲོན་བརྙན། 详情

རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཉིས་པ་དང“རྔ་བར་མཇལ་འཛོམས། རིན་ཆེན་གཏེར་མཛོད་ཀྱི་གནས་མཆོག་འབར་ཁམས་འཚོལ་བ”ཞེས་པའི་ཆེ་གྲས་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འཚོགས་མགོ་བརྩམས།

2024-09-04 14:55:52 来源: 作者: 编辑:超级管理员

ཟླ་9ཚེས་3ཉིན། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཉིས་པ་དང“རྔ་བར་མཇལ་འཛོམས།  རིན་ཆེན་གཏེར་མཛོད་ཀྱི་གནས་མཆོག་འབར་ཁམས་འཚོལ་བ”ཞེས་པའི་ཆེ་གྲས་གསར་འགྱུར་བཅར་འདྲིའི་བྱེད་སྒོ་དེ་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་དུ་འཚོགས་མགོ་བརྩམས། ཚོགས་འདུ་འདི་ནི་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་ཞིང་། ཀྲུང་གུང་འབར་ཁམས་གྲོང་ཁྱེར་ཨུ། གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། རྔ་བ་ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་བཅས་ཀྱིས་སྒྲུབ་འགན་ཁུར་བ་དང་། བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་སྨྱན་སྦྱོར་ལས་ཁུངས་33ནས་ཕེབས་པའི་མི་སྣ་79ཚོགས་འདུར་ཞུགས་ཡོད་པ་དང་། འཚོགས་ཡུན་ཉིན་5ཡིན། 

ཚོགས་འདུར་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ལྷན་ཚོགས་རྩ་འཛུགས་ཨུ་ལྷན་གྱི་འགོ་ཁྲིད། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཨུ་ཡོན། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཕུར་བུ་ཚེ་རིང་དང་། ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སུང་ཡུང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། འབར་ཁམས་གྲོང་ཁྱེར་ཨུའི་ཧྲུའུ་ཅི་ཀྲུའུ་རུའེ་བཅས་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།

རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ནི་བོད་སྐད་གི་སྨྱན་སྦྱོར་ཕན་ཚུན་དབར་སློབ་སྦྱོང་དང་ཕན་ཚུན་དབར་ཉམས་མྱོང་བརྗོད་པ། ཕན་ཚུན་གྱི་ལེགས་ཆ་ལེན་པ། ཐུན་མོང་ཐོག་འཕེལ་རྒྱས་འཚོལ་བའི་གར་སྟེགས་གལ་ཆེན་ཞིག་ཡིན་པར་མ་ཟད། བོད་སྐད་ཡིག་གི་སྨྱན་སྦྱོར་ལས་དོན་གོང་ནས་གོང་དུ་སྤེལ་བར་ནུས་བ་གལ་ཆེན་ཐོན་དང་འཐོན་བཞིན་ཡོད་ལ། ད་ཐེངས་ཀྱི་ཚོགས་འདུར་བོད་སྐད་ཡིག་གི་སྨྱན་སྦྱོར་གྱི་འཕེལ་རྒྱས་ལ་དམིགས་ནས་ཉམས་མྱོང་ཕྱོགས་སྡོམ་བགྱི་བ་དང་། གསར་འགྱུར་དྲིལ་སྒྲོག་གི་ལས་དོན་སྐོར་ནས་བགྲོ་གླེང་བྱེད་པ། བརྡ་ཆད་གསར་བ་གཅིག་གྱུར་གཏན་འབེབས་བཟོ་བ། བོད་སྐད་ཡིག་གི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་དཔྱད་འདེམས་བྱེད་པ་སོགས་ཚུད་ཡོད་ལ། ཚོགས་འདུར་རྒྱལ་ཡོངས་བོད་འབྲེལ་བ་ས་ཁུལ་གྱི་སྨྱན་སྦྱོར་ཚན་པ་43ནས་བསྐུར་འོངས་པའི་བརྩམས་ཆོས་ཁྱོན་474 འབྱོར་ཡོད་པ་དང་། དེར་ཚགས་པར་དང་དུས་དེབ་ཀྱི་རིགས་ལ་174དང་། རྒྱང་སྒྲོག་བརྙན་འཕྲིན་གྱི་རིགས་ལ་100། སྨྱན་སྦྱོར་གསར་བའི་རིགས་ལ་150། གཏམ་བརྗོད་དཔྱད་རྩོམ་གྱི་རིགས་ལ་50ཡོད། སྨྱན་སྦྱོར་ཚན་པ་4ཡིས་བསྐུར་འོངས་པའི་བརྡ་ཆད་གསར་བ་100ཡོད།

ཚོགས་འདུ་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་བབ་ཀྱི་འཕེལ་རྒྱས་ལ་གཞི་རྐང་བཙུགས་ནས་བློ་བརྟན་འགྱུར་མེད་ཀྱིས་སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྨྱན་སྦྱོར་མཉམ་འདྲེས་ལས་དོན་ལ་གཙིགས་མཐོང་ཆེན་པོ་བྱས་པ་དང་། གནས་ཚད་མཐོན་པོས་བཀོད་སྒྲིག་དང་། ཚད་གཞི་མཐོན་པོས་སྐུལ་འདེད། ལས་ཕྱོད་མཐོན་པོས་དོན་འཁྱོལ་བཅས་བྱས་ཏེ། 2021ལོར་རྔ་བ་ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་བཙུགས་ནས་སྒོ་བྱང་བཀལ། དེ་ནི་རྒྱལ་ཡོངས་བོད་འབྲེལ་ས་ཁུལ་གྱི་ཨང་དང་པོ་དང་། ཞིང་ཆེན་ནང་ཁུལ་གྱི་ཚགས་པར་དང་བརྙན་འཕྲིན་མཉམ་འདྲེས་མངོན་འགྱུར་བྱུང་བའི་གྲོང་ཁྱེར(ཁུལ)རིམ་པའི་སྨྱན་སྦྱོར་ཨང་གསུམ་པ་དེ་ཡིན་ལ། 2023ལོར་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་རྒྱལ་ཡོངས་ཀྱི་ཚོད་ལྟ་ཁག་གཉིས་པའི་ནང་བཅུག་པ་རེད།

ཚོགས་འདུ་ལས་བསྟན་དོན། ད་ཐེངས་ཀྱི་ཚོགས་འདུ་འདི་ནི་བོད་སྐད་ཡིག་གི་སྨྱན་སྦྱོར་ཕན་ཚུན་དབར་སློབ་སྦྱོང་བྱེད་པ་དང་། ཕན་ཚུན་གྱི་ལེགས་ཆ་ལེན་པ། ཐུན་མོང་ཐོག་འཕེལ་རྒྱས་འཚོལ་བའི་ཚོགས་འདུ་ཞིག་ཡིན་པར་མ་ཟད། རང་ཁུལ་གྱི་བོད་སྐད་ཡིག་གི་སྨྱན་སྦྱོར་བྱ་བ་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བའི་ཚོགས་འདུ་ཞིག་ཀྱང་ཡིན་པས། རང་ཁུལ་གྱིས་ད་ཐེངས་ཀྱི་ཚོགས་འདུ་འདི་མགོ་འཛུགས་ས་གསར་བ་ཞིག་ཏུ་བཟུང་སྟེ། ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་ལྷག་བསམ་རྣམ་དག་གིས་ལག་ཏུ་ལེན་པ་དང་། ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་མཐར་ཕྱིན་བྱེད་པ། སྤོབས་པ་ཆེན་པོས་བོད་འབྲེལ་ས་ཁུལ་གྱི་གཙོ་རྒྱུན་སྨྱན་སྦྱོར་གསར་བ་རྩེ་གྲ་བསྐྲུན་པ་དང་། རྒྱལ་ཡོངས་ཀྱི་བོད་སྐད་ཡིག་སྨྱན་སྦྱོར་གྱི་ལས་སྒྲུབ་པ་དག་དང་མཐུན་པའི་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་ངེས།

རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་ཐོག་མར་གྲོས་མགོ་བཏོན་པ་དང་། 1998ལོ་ནས་ཕལ་ཆེར་ལོ་རེར་ཐེངས་རེར་འཚོགས་བཞིན་ཡོད་ལ། བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་ལྗོངས་ཞིང་ལྔས་ལོ་རེ་བཞིན་རེས་སྐོར་ནས་གཙོ་སྒྲུབ་བྱེད་བཞིན་ཡོད། ཚོགས་འདུར་བོད་སྐད་ཡིག་གི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་དཔྱད་འདེམས་བྱེད་པ་དང་། བོད་ཡིག་གི་བརྡ་ཆད་གསར་བ་གཅིག་གྱུར་ཚད་ལྡན་དུ་གཏོང་བ། བོད་ཡིག་གི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་སྐོར་གྱི་ཉམས་མྱོང་བརྗེ་རེས་བྱེད་པ་སོགས་ཀྱི་ནང་དོན་ཚུད་ཡོད།

ཐེངས་འདིའི་ཚོགས་འདུའི་རིང་ལ། ད་དུང“རྔ་བར་མཇལ་འཛོམས།  རིན་ཆེན་གཏེར་མཛོད་ཀྱི་གནས་མཆོག་འབར་ཁམས་འཚོལ་བ”ཞེས་པའི་ཆེ་གྲས་གསར་འགྱུར་བཅར་འདྲིའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། ཚོགས་ཞུགས་མི་སྣ་ཡོངས་འབར་ཁམས་གྲོང་ཁྱེར་དུ་བསྐྱོད་དེ། རིན་ཆེན་གཏེར་མཛོད་དུ་གྲགས་པའི་ཡུལ་ཁམས་འདིའི་ཐུན་མོང་མ་ཡིན་པའི་མཛེས་སྡུག་ཡིད་ཀྱིས་མྱོང་བཞིན་ངོ་མཚར་བའི་རྩོམ་ཡིག་འབྲི་བ་དང་། བརྙན་མིག་གི་ཐབས་ལ་བརྟེན་ནས་ལྗོངས་ཁམས་ཀྱི་མཛེས་སྡུག་སྟོན་པ་སོགས་ཏེ། རྔ་བ་ཁུལ་གྱི་མི་དང་སྐྱེ་ཁམས་འཕེལ་རྒྱས་ཀྱི་མཛེས་སྡུག་ལ་བརྟེན་ནས་དུས་རབས་ཀྱི་མཛེས་སྡུག་ངོམ་པ་དང་། མི་རིགས་ས་ཁུལ་གྱི་དམངས་འཚོའི་བྱ་གཞག་གི་དར་རྒྱས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ཀྱི་མཛེས་སྡུག་ངོམ་པར་བྱེད་དོ།།

热门新闻

热门图库

热门排行