གཙོ་གནད། 详情

ཞི་ཅིན་ཕིང་གིས་དུས་རྒྱུན་དང་ཟུང་འབྲེལ་གྱིས་རྟག་ཏུ་དམ་འཛིན་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་གནང་བ།

2024-09-04 14:54:01 来源: 作者: 编辑:超级管理员

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་དགོས་ན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། དུས་རྒྱུན་དང་ཟུང་འབྲེལ་དང་རྟག་ཏུ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས་པ་དང་།  ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་འགན་དོན་འཁྱོལ་བྱེད་པ་ཐོག་མཐའ་བར་གསུམ་དུ་དམ་འཛིན་ཡག་པོ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་མཇུག་མཐའི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་ལ།  ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སྒྲིག་ཁྲིམས་ཤེས་རྟོགས། སྒྲིག་ཁྲིམས་གསལ་རྟོགས། སྒྲིག་ཁྲིམས་བརྩི་སྲུང་བཅས་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ།   རྒྱུན་ལྡན་རང་བཞིན་དང་གཅིག་སྡུད་རང་བཞིན་ཟུང་འབྲེལ་བྱེད་པའི་སྒྲིག་ཁྲིམས་སློབ་གསོའི་ལམ་སྲོལ་འཛུགས་པ་དང་།  ཏང་གི་སྒྲིག་ཁྲིམས་སློབ་གསོའི་གཅུན་འདོམས་དང་འགན་སྲུང་། སྐུལ་ལྕག་བཅས་ཀྱི་ནུས་པ་ཕྱོགས་བསྡུས་སྒོས་འདོན་སྤེལ་བྱེད་དགོས་ཤིང་། རུལ་སུངས་བྱུང་འཕེལ་གྱི་ས་རྒྱུ་དང་ཆ་རྐྱེན་ཤུགས་ཆེན་པོས་མེད་པར་བཟོས་ཏེ།  སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་འཕར་ཚད་བཀག་འགོག་དང་གསོག་ཚད་གཙང་སེལ་བྱེད་དགོས་པ་དང་།  ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  འབད་བརྩོན་སྒོས་བྱ་བ་སྒྲུབ་པ་དང་བློ་རྒྱ་ཆེར་སྐྱེད་ཀྱིས་བྱ་བ་སྒྲུབ་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། ཧུར་ཐག་གིས་བྱ་བ་སྒྲུབ་པ་བཅས་ལ་ཁྲིད་སྟོན་དང་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན།

ཀྲུང་དབྱང་ཏང་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཚེས30ཉིན་གྲོས་ཚོགས་བསྡུས་ཏེ། ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས་པ་དང་།《ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་ཤིང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཕྱོགས་སྡོམ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཚའེ་ཆི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་བ་དང་།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་ཏང་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལི་ཞི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བའི་ཐད་བླང་བྱ་གསལ་པོ་བཏོན་ཡོད།  དེ་ལ་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། དམིགས་སའི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དམ་འཛིན་བྱེད་དགོས།

གྲོས་ཚོགས་སྟེང་བསྟན་དོན། ཐེངས་འདིའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་མིག་སྔར་རྩ་བའི་ཆ་ནས་མཇུག་བསྒྲིལ་ཟིན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་ཕྱོགས་བསྡོམས་དང་བེད་སྤྱོད་བྱས་ཏེ། སྒྲིག་ཁྲིམས་འཛུགས་སྐྲུན་གྱིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ། ཏང་གི་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས་པ་དང་། ཏང་ཡོན་དང་ལས་བྱེད་པ་རྩ་འཛུགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། “འགོ་ཁྲིད་ལས་བྱེད་པ་གཙོ་བོ”དང་། ན་གཞོན་ལས་བྱེད་པ། གསར་དུ་བསྐོ་བཞག་བྱས་པའི་ལས་བྱེད་པ་བཅས་ཀྱི་སྒྲིག་ཁྲིམས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྒྲིག་ཁྲིམས་སློབ་གསོ་དེ་ཏང་ཡོན་དང་ལས་བྱེད་པའི་དུས་རྒྱུན་གྱི་སློབ་གསོའི་དོ་དམ་དང་ལྟ་སྐུལ་ཀྱི་ཁྲོད་དུ་འདྲེས་པར་བྱེད་དགོས་ལ།  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་གྱི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་བསྣན་པའི་ཉམས་མྱོང་བཟང་པོ་བཀོལ་སྤྱོད་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་བརྟེན་ནས་ཏང་འཛུགས་སྐྲུན་གྱི་ཆུ་ཚད་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་བ། ཏང་ཡོངས་ཀྱིས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པར་སྐུལ་འདེད་གཏོང་བ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་པ་བཅས་བྱེད་དགོས་ཤིང་། “ འདུ་ཤེས་འཛིན་སྟངས་བཞི”ཡང་དག་པས་བཀོལ་སྤྱོད་བྱེད་པ་དང་། “ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་གསུམ་དབྱེ་བ་གསལ་པོར་འབྱེད་པ”དོན་འཁྱོལ་བྱས་ཏེ། གནད་སྨིན་ཚད་ལྡན་དང་སྒྲིག་ཁྲིམས་ལག་བསྟར་གྱིས་ལས་བྱེད་པས་སྔར་ལས་ལེགས་པའི་སྒོ་ནས་ལས་སྒྲུབ་ལས་གཏོད་དང་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པར་སྐུལ་འདེད་གཏོང་དགོས་དགོས།

ལི་ཀན་ཅེ་དང་། ལི་ཧྲུའུ་ལེ། མུའུ་ཧུང་། ཅང་ཞིན་ཀྲི་བཅས་གྲོས་ཚོགས་ལ་ཞུགས། 

ཀྲུང་དབྱང་ཏང་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་སོགས་གྲོས་ཚོགས་ལ་ཞུགས། །


热门新闻

热门图库

热门排行