གཙོ་གནད།2 详情

ཁྲིན་ཀང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས།

2024-07-26 09:01:08 来源: 作者: 编辑:超级管理员

ཁྲིན་ཀང་གིས་མིན་ཡོན་རྫོང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཟླ7པའི་ཚེས24ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ་སོང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས། ཁོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་གཞིར་བཟུང་སྟེ། སྔར་ལས་ལྷག་པར་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་ཁྲོད། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། འབད་འབུངས་ཡར་བརྩོན་གྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་པའི་རྣམ་པ་གསར་བ་བསྐྲུན་དགོས་ཞེས་ནན་བཤད་བྱས།

བསྟུད་མར་ཆར་བ་བབས་རྗེས་གནམ་གཤིས་ཡང་ཇེ་བཟང་དུ་སོང་། མཐིང་མདོག་གི་ནམ་མཁའ་རུ་སྤྲིན་དཀར་ལང་ལོང་རྒྱུ་ཞིང་། ལྗང་མདོག་གི་ནེམ་ལོ་རྒྱས་ཤིང་མེ་ཏོག་ཕྲ་ཚོམ་གྱི་དྲི་ཞིམ་ཕྱོགས་བཞིར་འཐུལ་འདུག་པས། སེམས་ངལ་དང་སྐྱོ་བ་སེལ་ཐུབ། ཁྲིན་ཀང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མིན་ཡོན་ས་ཁུལ་གྱི་ལའོ་ཧུའུ་ཀིའུ་དོ་དམ་སྲུང་སྐྱོབ་ས་ཚིགས་སུ་སོང་ནས། ས་ཚིགས་དེའི་ལས་སྒྲུབ་མི་སྣ་དང་། སྐྱེ་ཁམས་དོ་སྲུང་པ། སྐྱེ་ཁམས་ཡུལ་སྐོར་བདག་གཉེར་པ། ས་གནས་ཀྱི་སྡེ་བའི་ལས་བྱེད་པ་དང་ཏང་ཡོན། མང་ཚོགས་བཅས་ཀྱི་འཐུས་མི་དང་མཉམ་དུ་བསྡད་ནས། ཏང་གི་སྐབས་རིམ་བྱུང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་ཕྱིར་དྲན་བྱེད་པ་ནས་འགོ་བརྩམས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་དུས་རབས་ཀྱི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་འགྲེལ་ཀློག་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་འགག་སྒྲོལ་ལ་རྒྱལ་ཁ་བླངས་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་སོགས་ཉེ་འགྲམ་གྱི་དཔེ་གཞི་རེ་རེ་བཞིན་བཀོལ་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་གསལ་འགྲེལ་བྱས་ཤིང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་པའི་མྱོང་ཚོར་མཉམ་སྤྱོད་བྱས་པར་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པར་བྱེ་བྲག་གི་བླང་བྱ་བཏོན། ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧན་ཆང་དང་། ཞི་ཐན་ཡུལ་ཚོ་ལའོ་ལུང་ཝན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲང་ཧྲི་ཡོན། མིན་ཡོན་རྫོང་གྲོང་ཁྱེར་འཛུགས་སྐྲུན་དངུལ་གཏོང་ཀུང་སིའི་རྐང་འཛིན་དབུ་གཙོ་མཱ་ཞའོ་ཅུན་བཅས་ཀྱིས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་སོགས་ཀྱི་རྣམ་པས་རྒྱལ་ཁབ་སྤྱི་གླིང་བསྐྲུན་པར་རོགས་ཤུགས་འདོན་པ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་དོན་ལེགས་པོར་སྒྲུབ་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་ཏེ་ཕྱུག་འགྱུར་བྱེད་པ་སོགས་ཀྱི་ཟུར་ཚད་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཤེས་རྟོགས་དང་མྱོང་ཚོར་བཤད་ཅིང་། གྲུབ་འབྲས་ཅི་ཡོད་བསྟན་པས་ཡུལ་དངོས་ཀྱི་རྣམ་པ་དགའ་སྤྲོས་ཁེངས་པར་བྱས།

ཁྲིན་ཀང་གིས་བཤད་རྒྱུར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་འགག་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་རེད། ཚང་འཛོམས་གྲོས་ཚོགས་ནས་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི་ཆོད་དོན་གྱི་ནང་དུ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་བསྟན་ཡོད་ལ། མཚོ་སྔོན་ལ་མཚོན་ནས་བཤད་ན། ཐོག་མའི་ལས་འགན་དེ་ནི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་ཞིག་བྱེད་རྒྱུ་དེ་ཡིན་པས། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོའི་སྒོ་ནས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་ཏེ། བཅོས་སྒྱུར་གྱི་གནད་འགག་ཐབས་ལམ་བཀོལ་སྤྱོད་གང་ལེགས་བྱས་ནས། ལག་བསྟར་གྱི་ཕན་ནུས་ལྡན་པའི་བྱེད་ཐབས་ལེགས་པོ་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་དོ་སྲུང་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས། རྒྱལ་ཁབ་སྤྱི་གླིང་ས་ཁུལ་གྱི་རྒྱ་ཁྱོན་ཇེ་ཆུང་དུ་མི་གཏོང་བ་དང་། བྱ་བའི་ནུས་ཚད་ཇེ་དམའ་རུ་མི་འགྲོ་བ། སྲུང་སྐྱོབ་ཆུ་ཚད་སྔར་ལས་མཐོ་ཞིང་། མང་ཚོགས་ཀྱི་ཁེ་ཕན་སྔར་ལས་ཇེ་མང་དུ་གཏོང་བ་བཅས་བྱས་ཏེ། བུ་རབས་ཚ་རྒྱུད་ལ་གནམ་མཁའ་སྔོ་ཞིང་ས་གཞི་ལྗང་མདོག་ལྡན་པ། ཆུ་བོ་དྭངས་ཤིང་གཙང་བའི་མཛེས་སྡུག་གི་ཁྱིམ་གཞིས་ཤིག་འཇོག་དགོས། སྐྱེ་ཁམས་ལ་སྲུང་སྐྱོབ་ཡག་པོ་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས་ཏེ། རི་བོ་གཉིས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། གནད་ཆེ་བ་དམ་འཛིན་དང་གནད་མི་ཆེ་བ་ཟུར་འཇོག་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྱད་ལྡན་ཐོན་ཁུངས་དང་འགྲིམ་འགྲུལ་གྱི་དགེ་མཚན་ལ་རྐང་བཙུགས་ནས། སྤྱི་བའི་ཞབས་ཞུའི་སྒྲིག་ཆས་འཐུས་ཚང་དང་། ཡུལ་སྐོར་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། སྐྱེ་ཁམས་ཡུལ་སྐོར་བྱ་བ་ཇེ་རྒྱས་ཇེ་ལེགས་དང་ཁྱད་ལྡན་ཐོན་ལས་སྟོབས་ལྡན་དུ་གཏོང་དགོས། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་འཛིན་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་དང་དངོས་འབེབས་བྱས་ནས། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ལས་ཞུགས་དང་། སློབ་གསོ། སྨན་བཅོས་སོགས་ཀྱི་དོན་དག་ལེགས་པོར་སྒྲུབ་པ་དང་། ཕ་ཡུལ་དང་རྒྱལ་ཁབ་འཛུགས་སྐྲུན་བཟང་པོ་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་འཆར་གཞི་ལེགས་པར་བཀོད་པས། མི་དམངས་ལ་ཕྱུག་སྒྱུར་གྱི་གདེང་ཚོད་ཆེན་པོ་ཡོད། ས་གནས་མང་ཚོགས་ཀྱིས་རང་འགུལ་ངང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་རེ་རེའི་སེམས་སུ་གསལ་བར་བྱས། ཚང་མས་ལང་ལོང་སྒོས་བསྟན་དོན། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། ཏང་གི་དྲིན་བསམ་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པའི་བློ་རྩ་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ལས་སྒྲུབ་ལས་གཏོད་ཀྱི་ངར་ཤུགས་སྔར་ལས་རྒྱས་པར་བྱས་ནས། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་དགོས་ཟེར།

ཁྲིན་ཀང་གིས་དོ་དམ་སྲུང་སྐྱོབ་ས་ཚིགས་སུ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པ་དང་། དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱི་བྱ་བའི་འཕེལ་རིམ་ལ་རྒྱུས་ལོན་བྱས་པར་མ་ཟད། ཉེ་ལམ་གྱི་ཆར་ཞོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། འབྲེལ་ཡོད་སྡེ་ཁག་དང་ལས་བྱེད་མི་སྣར། ས་གཤིས་ཀྱི་གནོད་འཚེ་དང་གནམ་གཤིས་ཉེན་བརྡ་གཏོང་བར་དོ་སྣང་ཟབ་མོ་བྱེད་པ་དང་། འབྲེལ་ཡོད་ཤེས་བྱར་རང་རྟོགས་ཀྱིས་སློབ་སྦྱོང་བྱེད་དགོས། ཞོད་དུས་ཀྱི་བྱ་བའི་ལམ་ལུགས་དངོས་འབེབས་གཟབ་ནན་དང་།  བྱེད་ཐབས་སྣ་ཚོགས་དངོས་འབེབས་ཞིབ་ཚགས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས་ཞེས་མངགས་བཅོལ་བྱས།

ཀྲུའུ་ཞང་ཧྥིན་སྒྲོག་འགྲེལ་ཁྲོད་ཞུགས།


热门新闻

热门图库

热门排行