གཙོ་གནད། 详情

ཞི་ཅིན་ཕིང་གིས་ཞ་མོན་མཁའ་འགྲུལ་ཚད་ཡོད་ཀུང་སིའི་ལས་བཟོ་བ་ཡོངས་ལ་འཕྲིན་ལན་བསྐུར་བ།

2024-07-26 09:00:05 来源: 作者: 编辑:超级管理员

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞ་མོན་མཁའ་འགྲུལ་ཚད་ཡོད་ཀུང་སི་བཙུགས་ནས་ལོ་འཁོར40ལོན་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞ་མོན་མཁའ་འགྲུལ་ཚད་ཡོད་ཀུང་སིའི་ལས་བཟོ་བ་ཡོངས་ལ་འཕྲིན་ལན་བསྐུར་ཏེ། ཁོ་ཚོར་སྤྲོ་སེམས་འཁོལ་བའི་སྒོ་ནས་རྟེན་འབྲེལ་ཞུས་པར་མ་ཟད་རེ་བ་ཆེན་པོ་བཏོན།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་དུ་ངས་ཞ་མོན་དུ་ལས་གཉེར་བྱེད་སྐབས་ཞ་མོན་མཁའ་འགྲུལ་གྱི་ཐོག་མའི་གསར་གཏོད་ཁྲོད་ཞུགས་མྱོང་བ་དང་། ལོ་ངོ40ལྷག་གི་རིང་ལ་ཐོག་མཐའ་བར་གསུམ་དུ་ཀུང་སིའི་འཚར་ལོངས་ལ་དོ་ཁུར་བྱེད་བཞིན་ཡོད། ད་ལྟ་ལག་སྟོང་ཁྱིམ་འཛུགས་བྱས་པའི་ཞ་མོན་མཁའ་འགྲུལ་གྱིས་མཆོང་བརྒལ་རྣམ་པའི་འཕེལ་རྒྱས་མངོན་འགྱུར་བྱུང་བ་མཐོང་རྗེས། ང་རང་དགའ་ཞིང་བློ་བདེ་བ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་ཁྱེད་ཚོས་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས། ལྟེ་བའི་འགྲན་རྩོད་ནུས་པ་ཇེ་ཆེད་བཏང་སྟེ། བདེ་འཇགས་ཀྱི་ཚད་མཐའ་སྲ་བརྟན་དུ་བཏང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ངོགས་གཉིས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཞབས་ཞུ་སྒྲུབ་པའི་ཐད་ནུས་པ་འདོན་སྤེལ་བྱེད་པར་འབད་བརྩོན་བྱས་ནས། དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྔར་ལས་མང་བ་འབུལ་དགོས་པའི་རེ་བ་ནན་གྱིས་བསྟན།

ཞ་མོན་མཁའ་འགྲུལ་ཚད་ཡོད་ཀུང་སི1984ལོའི་ཟླ7པར་བཙུགས་པ་དང་། རང་རྒྱལ་གྱི་ཐོག་མར་དེང་རབས་ཁེ་ལས་ལམ་ལུགས་ཀྱི་འཁོར་སྐྱོད་ཚོང་གཉེར་བྱེད་པའི་མཁའ་འགྲུལ་ཀུང་སི་ཡིན། ཞ་མོན་དུ་ལས་གཉེར་བྱེད་སྐབས། ཞི་ཅིན་ཕིང་གིས་ཐོག་མའི་གསར་གཏོད་དུས་རིམ་གྱི་མཁའ་འགྲུལ་གནད་དོན་ལ་མཐུན་སྦྱོར་དང་ཐག་གཅོད་བྱས་མྱོང་ཞིང་། ཞ་མོན་མཁའ་འགྲུལ་གྱི་བཅོས་སྒྱུར་འཕེལ་རྒྱས་ལ་དུས་ཡུན་རིང་བོར་ཐུགས་ཁུར་དང་མཛུབ་སྟོན་གནང་། མིག་སྔར། ཞ་མོན་མཁའ་འགྲུལ་ལས་གཉེར་གྱི་རྒྱལ་ཁབ་ཕྱི་ནང་གི་མཁའ་ལམ400ལྷག་ལ་སླེབས་ཡོད་ཅིང་། ལོ་རེའི་འགྲུལ་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི4000ཙམ་ཟིན་ནས། འཕུར་སྐྱོད་བདེ་འཇགས་ཀྱི་སྐར་ལྔའི་བྱ་དགའ་དང་ཀྲུང་གོའི་སྤུས་ཚད་བྱ་དགའ་སོགས་ཐོབ་ཡོད། ཉེ་ཆར། ཞ་མོན་མཁའ་འགྲུལ་གྱི་ལས་བཟོ་བ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། ཀུང་སི་བཙུགས་ནས་ལོ་ངོ40ཡི་རིང་བཅོས་སྒྱུར་གསར་གཏོད་ལ་བརྟེན་ནས་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་སྙན་སེང་ཞུས་ཤིང་། ཐོག་མའི་བསམ་འདུན་མ་བརྗེད་པར་བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་བྱས་ཏེ། ཀུང་སི་སྟོབས་ཆེན་དུ་བཏང་བ་བརྒྱུད། མཚོ་འགག་ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་ཧུར་ཐག་གིས་རམ་འདེམས་བྱ་རྒྱུ་ཡིན་པའི་ཆོད་སེམས་བརྟན་པོ་མཚོན་པ་རེད། །


热门新闻

热门图库

热门排行