གཙོ་གནད།2 详情

མཚོ་སྔོན་གྱིས་བུ་བཙའི་ཐད་ལ་རྒྱབ་སྐྱོར་བྱ་བའི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་བ།

2024-07-25 09:27:41 来源: 作者: 编辑:超级管理员

བུ་བཙའི་སྲིད་ཇུས་ལེགས་སྒྱུར་དོན་འཁྱོལ་དང་། བུ་བཙའི་གུང་གསེང་དང་ཐོབ་ཐང་འགན་སྲུང་ལམ་སྲོལ་འཐུས་ཚང་། བུ་བཙའི་ཀུན་ཕན་ཞབས་ཞུའི་མ་ལག་འཛུགས་སྐྱོང་གོང་འཕེལ་ཤུགས་ཆེན་བཅས་གཏང་ཆེད། ཟླ7པའི་ཚེས17ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་གསལ་ལྟར་ན། མཚོ་སྔོན་གྱིས་མ་ལག་ཚང་བའི་སྲིད་ཇུས་དང་བྱེད་ཐབས་མུ་མཐུད་དུ་འཐུས་ཚང་དུ་བཏང་ནས། བུ་བཙའི་རྒྱབ་སྐྱོར་བྱེད་ཐབས་དོན་འཁྱོལ་བྱ་བར་སྐུལ་འདེད་བཏང་སྟེ། གཙོ་གནད་ལས་འགན་ཁག་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད།  མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་གྱི་བུ་བཙའི་སྲིད་ཇུས་ཇེ་ལེགས་སུ་གཏོང་བ་དང་མི་འབོར་ཡུན་རིང་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》པར་འགྲེམས་ལག་བསྟར་བྱས་ཤིང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཞིང་ཆེན་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་སོགས་སྡེ་ཁག16དང་མཉམ་འབྲེལ་གྱིས《མཚོ་སྔོན་ཞིང་ཆེན་གྱིས་བུ་བཙའི་རྒྱབ་སྐྱོར་བྱེད་ཐབས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ལག་བསྟར་བསམ་འཆར》བཟོས་ནས་པར་འགྲེམས་བྱས་པ་དང་། ཕྱོགས8ཀྱི་ཐད་ནས་ཞིབ་ཕྲའི་འགན་ལེན་བྱེད་ཐབས་ཁག24བཏོན་ཏེ། བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། 《མཚོ་སྔོན་ཞིང་ཆེན་གྱི་མི་འབོར་དང་འཆར་ལྡན་བུ་བཙའི་སྲོལ་ཡིག》ལ་ཡང་བཟོ་བཅོས་བརྒྱབ་ནས། ཕྲུ་གུ་བཙའ་བའི་གུང་གསེང་ཉིན188དང་བཟའ་ཟླའི་ལྟ་སྐྱོང་གུང་གསེང་ཉིན15ཡི་གཏན་འབེབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། མི་སྤྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཕྲུ་གུ་བཙའ་བའི་བཟའ་ཟླར་ཕྲུ་གུ་ལོ3མ་སོན་པའི་རིང་ལོ་ལྟར་བཟའ་ཟླའི་ཕྱོགས་གཉིས་ཀར་བྱིས་སྐྱོང་གུང་གསེང་ཉིན15སྤྲད་པར་ལྕག་སྐུལ་བྱས་པ་རེད།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་བཏོན་ནས་བུ་བཙའི་རྒྱབ་སྐྱོར་བྱེད་ཐབས་འཐུས་ཚང་དོན་འཁྱོལ་བྱས། ཟི་ལིང་གྲོང་ཁྱེར་གྱིས་བྱ་དགའ་སྤྲད་ནས་ཁ་གསབ་ཀྱི་ཚབ་བྱེད་པའི་རྣམ་པའི་ཐོག་ནས་གྲོང་ཁྱེར་རིམ་པའི་དཔེ་སྟོན་རང་བཞིན་གྱི་བུ་བཅོལ་ལས་ཁུངས་ལ་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྒོར་ཁྲི3སྤྲད་པ་དང་། ཟི་ལིང་གྲོང་ཁྱེར་གྱི་བུ་བཅོལ་ལས་ཁུངས་ཐོ་འགོད་སྙན་སེང་བྱས་ཟིན་པའི་བྱིས་པ་གཉིས་པ་དང་དེ་ཡན་གྱི་བྱིས་པའི་ཁྱིམ་ཚང་ལ་སློབ་སྐབས་རེར་སྒོར300ལས་མི་ཉུང་བའི་ཚད་གཞི་ལྟར་བུ་བཅོལ་ཁ་གསབ་སྤྲད་རྒྱུ་ཡིན་པ་རེད། མིག་སྔར་ཟི་ལིང་གྲོང་ཁྱེར་གྱི་ཁྱིམ་ཚང119གིས་བུ་བཅོལ་ཞབས་ཞུའི་ཁ་གསབ་སྲིད་ཇུས་ལོངས་སུ་སྤྱད་ཡོད་པ་རེད།

མགོ་ལོག་ཁུལ་གྱིས་སྲིད་ཇུས་དང་མཐུན་པའི་བྱིས་པ་གཉིས་པ་དང་གསུམ་པ་སྐྱེས་པའི་ཁྱིམ་ཚང་ལ་ཐེངས་གཅིག་རང་བཞིན་གྱི་བུ་བཙའི་ཁ་གསབ་སྒོར1000དང2000སོ་སོར་སྤྲད་པ་རེད། རྫོང་སོ་སོས་གཞུང་གཉེར་བུ་བཅོལ་ཁང1དང་དམངས་གཉེར་བུ་བཅོལ་ཁང1ལ་རོགས་སྐྱོར་བྱས་ཏེ། བུ་བཅོལ་ཁང་རེར་ཐེངས་གཅིག་ལ་ཁ་གསབ་སྒོར་ཁྲི5སྤྲད་རྒྱུ་དང་། བུ་བཅོལ་དུ་ཞུགས་པའི་བྱིས་པ་རེར་ཟླ་རེར་ཁ་གསབ་སྒོར100རེ་སྤྲད་རྒྱུ་རེད། 《མཚོ་སྔོན་ཞིང་ཆེན་གྱི་མི་འབོར་དང་འཆར་ལྡན་བུ་བཙའི་སྲོལ་ཡིག》ནང་གཏན་འབེབས་བྱས་པའི་གུང་གསེང་ཉིན188ཡི་རྨང་གཞིའི་སྟེང་ཕྲུ་གུ་སྐྱེས་པའི་གུང་གསེང་ཉིན90ཇེ་མང་དུ་གཏང་ཡོད་པ་དང་། བཟའ་ཟླའི་ལྟ་སྐྱོང་གུང་གསེང་ཉིན15ནས་ཉིན30བར་ཇེ་མང་དུ་བཏང་། ཕ་མའི་བྱིས་སྐྱོང་གུང་གསེང་ཉིན15ནས་ཉིན35བར་ཇེ་མང་དུ་བཏང་ཡོད་པ་རེད།


热门新闻

热门图库

热门排行