མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་རྐྱལ་བའི་འགྲན་སྡུར་ཁྲི་ཀར་མགོ་བརྩམས།
ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་རྐྱལ་བའི་རྩེར་སོན་འགྲན་སྡུར་སྐབས་བཅོ་བརྒྱད་པ(ཁྲི་ཀའི་འགྲན་ཁུལ)མགོ་བརྩམས་པ།
ཟླ6པའི་ཚེས16ཉིན་གྱི་སྔ་དྲོར། སྤྲོ་དགའི་རྔ་སྒྲའི་ཁྲོད། 2024ལོའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་རྐྱལ་བའི་རྩེར་སོན་འགྲན་སྡུར་སྐབས་བཅོ་བརྒྱད་པ(ཁྲི་ཀའི་འགྲན་ཁུལ)རང་ཁུལ་གྱི་ཁྲི་ཀ་རྫོང་ཆུ་འཁོར་ཐང་ཆེན་ནས་མགོ་བརྩམས།
ཞོན་ཧྭ་རྫོང་ནས་འགྲན་རིམ་ཐོག་མའི་ཛ་དྲག་གི་འགྲན་རྩོད་བརྒྱུད། རྒྱལ་ཁབ་ཕྱི་ནང་གི་ལུས་རྩལ་པ221པོ་སྤྱི་ལེ250ཡིས་རྒྱང་ཐག་ཆོད་པའི་ཁྲི་ཀ་རྫོང་དུ་འགྲན་ཁུལ་སྤར་བ་དང་། ཁོ་ཚོས་གྲ་སྒྲིག་ཕུན་སུམ་ཚོགས་པ་དང་ཡིད་ཆེས་མངོན་པར་བརྟས་ནས། ཁྲི་ཀའི་རྨ་ཆུ་ལས་ཡང་བསྐྱར་རྐྱལ་རྩལ་འགྲན། ཆར་བ་བབས་པའི་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་པས། ཉིན་དེའི་སྔ་དྲོའི་འགྲན་ཁུལ་གྱི་ཆུ་བྲུག་པ་དང་ཆུ་སྤུས་ཅུང་རྙོག་པ། ཆུ་རྒྱུན་ཅུང་མགྱོགས་པ། ཆུའི་དྲོད་གྲང་གི་སེའི་དྲོད་ཚད6.7ཡིན། དེའི་རྟིང་ཐོག་མའི་འགྲན་ཁུལ་གྱི་མཚོ་འཕགས་སྨི1800ནས་སྨི2200འཕར་བ་དང་། ཁྲི་ཀའི་འགྲན་ཁུལ་གྱི་འགྲན་སྡུར་དཀའ་ཁག་སྡུར་གྲངས་འཕར་བ་དེས། ལུས་རྩལ་པའི་རྩལ་ནུས་དང་ཐབས་རྩལ་ཆུ་ཚད་ལའང་སྔར་ལས་མཐོ་བའི་བླང་བྱ་བཏོན་ཡོད། ལུས་རྩལ་པ་རྣམས་སྔ་རྗེས་སུ་ཆུ་རྐྱལ་ཚོད་ལྟ་བྱས་པ་དང་། ཆུ་རྒྱུན་མགྱོགས་པོར་རྐྱལ་ནས་གོམས་སུ་བཅུག ཐེངས་འདིའི་ཁྲི་ཀའི་འགྲན་ཁུལ་གྱི་འགྲན་ཐག་ནི་སྔར་བཞིན་སྨི500ཡིན། ཕོ་མོ་སོ་སོར་ཚན་ཁག6རེ་ཡོད། ཆུ་ཚོད16ཐོག་དངོས་སུ་འཁྲབ་སྦྱོང་འགྲན་སྡུར་བྱས།
ཆུ་འཁོར་ཐང་ཆེན་དུ་ད་དུང་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་ཡུལ་སྐོར་ཚོང་རྫས་འགྲེམ་ཚོང་བྱེད་སྒོ་དང་། ཀོས་ནན་རྫོང་གཙག་དྲུབ་དང་སྲོལ་རྒྱུན་སོ་ཕག་བཟོ་བ། སྲོལ་རྒྱུན་ཤིང་བརྐོས་སོགས་གཟུགས་འདས་ཤུལ་བཞག་རིག་གནས་འགྲེལ་སྟོན་བྱེད་སྒོ་སྤེལ་བཞིན་ཡོད། ས་གནས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་ཡུལ་སྐོར་ཚོང་རྫས་འགྲེམ་སྟོན་བྱས་པ་བརྒྱུད། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་པས་གཟུགས་འདས་ཤུལ་བཞག་ལག་རྩལ་གྱི་བརྒྱུད་རིམ་ཡུལ་དངོས་སུ་འཁྲབ་སྟོན་བྱས་ནས། མང་ཚོགས་ལ་ཐག་ཉེ་པོས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འགུག་ཤུགས་རོལ་མྱོང་བྱེད་དུ་བཅུག
ཉེ་བའི་ལོ་འགའི་རིང་ལ། ཁྲི་ཀ་རྫོང་གིས་རྒྱལ་སྤྱིའི་རྨ་ཆུར་རྐྱལ་བའི་རྩེར་སོན་འགྲན་སྡུར་སོགས་འགྲན་སྡུར་ཁག་མང་པོ་སྒྲུབ་འགན་འཁུར་བ་བརྒྱུད་ནས། ཁྲི་ཀའི་རྔམ་བརྗིད་སྒེག་ཉམས་ལྡན་པའི་རང་བྱུང་མཛེས་སྡུག་དང་ངོ་མཚར་སྣ་མང་གི་དམངས་སྲོལ་རིག་གནས་ངོམ་པ་དང་། མང་ཚོགས་ལུས་རྩལ་སྦྱོར་བར་དགའ་བ་དང་ལུས་རྩལ་ལ་ཞུགས་པའི་སྤྲོ་བ་དང་སྤྲོ་སེམས་ལོ་རེ་བཞིན་ཆེར་སྐྱེད་བཞིན་ཡོད་ཅིང་། རིག་གནས་དང་ལུས་རྩལ། ཡུལ་སྐོར་བཅས་འདྲེས་སྦྱོར་ཟབ་མོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གནམ་འོག་རྨ་ཆུ་ཁྲི་ཀར་དྭངས་ཞེས་པའི་བྱང་བུ་གསེར་ཡིག་ཅན་གྱི་ཤུགས་རྐྱེན་དང་སྙན་གྲགས་ཀྱི་ཚད་སྔར་ལས་ལྷག་པར་མཐོར་བཏེགས།