《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》གི་པོད་དང་པོ་དང་པོད་གཉིས་པའི་ཧྥ་རན་སི་དང་ཨུ་རུ་སི། ཨ་རབ། སི་ཕན་བཅས་སྐད་ཡིག་གི་པར་གཞི་པར་སྐྲུན་འགྲེམ་སྤེལ་བྱས་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》གི་པོད་དང་པོ་དང་པོད་གཉིས་པའི་ཧྥ་རན་སི་དང་ཨུ་རུ་སི། ཨ་རབ། སི་ཕན་བཅས་སྐད་ཡིག་གི་པར་གཞི་ཉེ་ལམ་ཕྱི་སྐད་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ་རྒྱལ་ཁབ་ཕྱི་ནང་ལ་འགྲེམ་སྤེལ་བྱས།
《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》གི་པོད་དང་པོ་དང་པོད་གཉིས་པའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2012ལོའི་ཟླ11པ་ནས2022ལོའི་ཟླ10པའི་བར་གྱི་དུས་སྐབས་ནང་གི་གསུང་རྩོམ་གལ་ཆེན་དག་གཅེས་བསྡུས་བྱས་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྟེང་གི་སྙན་ཞུ《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས》ཅེས་པ་མགོ་བརྗོད་ཚན་པར་བྱས་ཤིང་། གཞན་པའི་གསུང་རྩོམ་དག་དུས་ཚོད་ཀྱི་གོ་རིམ་ལྟར་བསྒྲིགས་ཡོད།
《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》གིས་གསོན་ཉམས་ལྡན་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་བ་བཏོད་པ་མ་ཟད་མུ་མཐུད་དུ་རྒྱལ་ཁ་གསར་བ་བླངས་པའི་རླབས་ཆེ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཟིན་ཐོར་བཀོད་པ་དང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་གཏོང་བར་སྐུལ་འདེད་བཏང་བའི་རླབས་ཆེའི་གཞུང་ལུགས་གསར་སྐྲུན་གྱི་གྲུབ་འབྲས་གལ་ཆེན་མཚོན་པར་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྣེ་ཁྲིད་པའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་མངོན་པར་མཚོན་ཞིང་། ཀྲུང་གོ་གུང་ཁྲན་ཏང་གིས་མཛེས་སྡུག་གི་འཛམ་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱེད་པའི་ཀྲུང་གོའི་བློ་རིག་དང་ཀྲུང་གོའི་ཁག་ཁུར་མཚོན་པར་བྱས་ཡོད་པས། དེ་ནི་ཕྱོགས་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཚོན་པར་བྱེད་པའི་དབང་གྲགས་ཀྱི་གསུང་རྩོམ་ཞིག་ཡིན།
《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》གི་པོད་དང་པོ་དང་པོད་གཉིས་པའི་དབྱིན་ཡིག་པར་མ་དེ་ད་ལོའི་ཟླ3པར་པར་སྐྲུན་བྱས་པའི་ཚུན། རྒྱལ་ཁབ་ཕྱི་ནང་དུ་ལན་ཆ་དྲག་པོ་ཐོབ་ཡོད། 《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》པོད་དང་པོ་དང་པོད་གཉིས་པའི་ཧྥ་རན་སི་དང་ཨུ་རུ་སི། ཨ་རབ། སི་ཕན་བཅས་ཀྱི་སྐད་ཡིག་གི་པར་གཞི་པར་སྐྲུན་འགྲེམ་སྤེལ་བྱས་པ་དེས་ཕྱི་རྒྱལ་གྱི་ཀློག་པ་པོས་མ་ལག་དང་ལྡན་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་རྒྱུས་ལོན་བྱེད་པ་དང་། ཡང་དག་པའི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་དོན་གཙོ་གནད་ལ་ངོས་འཛིན་བྱེད་པར་རམ་འདེགས་བྱེད་ཐུབ་པ་དང་། ཡིད་ཆེས་ཆོག་པ་དང་གཅེས་སུ་རུང་བ། གུས་པར་འོས་པའི་ཀྲུང་གོའི་སྣང་བརྙན་འགྲེམ་སྟོན་བྱེད་པ་དང་། ཀྲུང་ཧྭའི་དཔལ་ཡོན་བརྒྱུད་སྒྲོག་བྱེད་ཤུགས་དང་ཤུགས་རྐྱེན་ཇེ་ཆེར་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་ཡིན། །