ཞིན་ཧེ་རྫོང་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་སྐྱོན་མི་སྣར་ནད་གསོའི་གྲལ་བཤེར་བྱས་ཏེ་དམངས་སེམས་ལ་དྲོད་ཁོལ་སྦྱིན།
གོམ་གང་མདུན་སྤོས་ཀྱིས་དབང་སྐྱོན་མི་སྣའི་གནད་འཁེལ་ནད་གསོའི་ཞབས་ཞུའི་བྱ་བ་གང་ལེགས་ཀྱིས་བསྒྲུབ་པ་དང་། དབང་སྐྱོན་སྔོན་འགོག་ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ། ནད་གསོའི་རོགས་སྐྱོར་གྱི་གྲུབ་འབྲས་ཇེ་མཐོར་བཏང་ནས་དབང་སྐྱོན་མི་སྣ་གསོ་བཅོས་བྱ་དགོས་པ་ཐམས་ཅད་གསོ་བཅོས་བྱེད་པ་དང་། དབང་སྐྱོན་མི་སྣ་ཐམས་ཅད་ལ་ནད་གསོའི་ཞབས་ཞུ་ལོངས་སུ་སྤྱོད་པའི་དབང་ཆ་ཡོད་པའི་དམིགས་འབེན་ལེགས་པོར་འགྲུབ་ཆེད། ཉེ་སྔོན། ཞིན་ཧེ་རྫོང་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་ཕན་བདེ་དགེ་ལས་སྨན་ཁང་དང་ཟི་ལིང་གྲོང་ཁྱེར་ཨེ་ཨར་མིག་ཚན་སྨན་ཁང་། ཁུལ་དབང་སྐྱོན་མི་སྣའི་ནད་གསོའི་ཞབས་ཞུ་ལྟེ་གནས་བཅས་དང་མཉམ་འབྲེལ་བྱས་ཏེ་ཉིན་གཉིས་ཀྱི་རིང་ལ་དབང་སྐྱོན་མི་སྣར་རིན་མེད་ནད་གསོའི་གྲལ་བཤེར་བྱ་འགུལ་སྤེལ།
ཐེངས་འདིའི་བྱ་འགུལ་ནི་གཙོ་བོ་ལོ་ན0-6བར་དང་ལོ་ན7-17བར་གྱི(འཛིན་ཡིག་ཡོད་པའི)རྐང་ལག་སྐྱོན་ཅན་དང་ཀླད་སྐྱོན། རང་ཟུན་ནད། དེ་མིན་རིག་སྟོབས་དང་སྐད་ཆའི་ནུས་པ། མཐོང་ནུས། ཐོས་ཤུགས་བཅས་ལ་གནད་དོན་ཡོད་པའི་དབང་སྐྱོན་བྱིས་པ་དང་། མི་དར་མའི་མིག་ནད(སྐྱ་འགྲིབ་དང་གཤོག་དབྱིབས་མིག་ནད)། ལོ་ན་རྒན་གཞོན་ཡོངས་ཀྱི་རྐང་ལག་དབང་སྐྱོན་མི་སྣར་ཁ་གཏད་དེ་ནད་གསོའི་གྲལ་བཤེར་ཞབས་ཞུ་མཁོ་སྤྲོད་བྱས། ཐེངས་འདིའི་གྲལ་བཤེར་བྱ་འགུལ་ཁྲོད་བསྡོམས་པས་དབང་སྐྱོན་མི་སྣ450རྩ་འཛུགས་བྱས་ཏེ་ཞུགས་ཤིང་། ནད་གསོའི་དགོས་མཁོ་ཡོད་པའི་མི94ཡོད་ལ། རྐང་ལག་གཤག་བཅོས་བྱ་དགོས་པའི་མི53ཡོད་པ་དང་། མིག་ནད་གཤག་བཅོས་བྱ་དགོས་པའི་མི184ཡོད། གྲལ་བཤེར་བྱས་པ་བརྒྱུད་དེ་ཕྱོགས་ཡོངས་ནས་རང་རྫོང་གི་དབང་སྐྱོན་མི་སྣའི་ནད་གསོའི་དགོས་མཁོའི་གནས་ཚུལ་གསལ་པོར་ཤེས་རྟོགས་བྱུང་ཞིང་། ནད་གསོའི་ཞབས་ཞུ་མང་ཚོགས་ཀྱི་ཁྱིམ་སྒོར་བསྐྱལ་ཏེ། མང་ཚོགས་ཀྱི་དབང་སྐྱོན་སྔོན་འགོག་འདུ་ཤེས་དང་ནད་གསོའི་གནས་ཚུལ་ལ་རྒྱུས་ལོན་བྱུང་ཚད་ཇེ་མཐོར་བཏང་ནས། “སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་སྔོན་འགོག་བྱེད་པ། སྔ་མོ་ནས་ནད་གསོ་བྱེད་པ། སྔ་མོ་ནས་རོགས་སྐྱོར་བྱེད་པ”བཅས་དོན་འཁྱོལ་བྱས།
གྲལ་བཤེར་བྱ་བའི་ཁྲོད་སྨན་ཁང་གསུམ་གྱི་ནད་གསོའི་སྨན་པས་ཡུལ་དངོས་ཀྱི་དབང་སྐྱོན་མི་སྣ་རྣམས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཁོ་ཚོའི་ལུས་པོའི་གནས་ཚུལ་དང་སྔོན་བྱུང་ནད་རིགས། དུས་རྒྱུན་གྱི་འཚོ་བའི་རྣམ་པ་སོགས་ཞིབ་འདྲི་བྱས་ཏེ། ནད་པ་རེ་རེའི་གནས་ཚུལ་ལྟར་ཕྱོགས་བསྡུས་དཔྱད་འཇོག་བྱེད་པ་དང་། ཁ་གཏད་རང་བཞིན་གྱིས་ནད་གསོའི་མཛུབ་སྟོན་བསམ་འཆར་དང་སྨན་བཅོས་བསམ་འཆར་མཁོ་སྤྲོད་བྱས་པ་དང་ནད་པ་དང་ཁྱིམ་མིར་དུས་རྒྱུན་མཉམ་འཇོག་བྱ་དགོས་པའི་དོན་ཚན་གསལ་བཤད་བྱས། དེ་མིན་ལས་སྒྲུབ་མི་སྣས་ནན་ཏན་གྱིས་མིག་སྔའི་ནད་གསོ་རོགས་སྐྱོར་གྱི་སྲིད་ཇུས་དྲིལ་སྒྲོག་བྱས་ཤིང་། ནད་གསོ་རོགས་སྐྱོར་གྱི་ཁ་གཏད་མི་སྣ། རོགས་སྐྱོར་བྱ་ཐབས། གཏན་འཁེལ་སྨན་ཁང་བཅས་ངོ་སྤྲོད་ཞིབ་ཚགས་བྱས་པར་མ་ཟད། དབང་སྐྱོན་སྔོན་འགོག་གི་ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ་དབང་སྐྱོན་མི་སྣས་དུས་ཐོག་ཏུ་ཕན་ནུས་ལྡན་པའི་སྨན་བཅོས་ལོངས་སྤྱོད་བྱ་ཐུབ་པར་ཁག་ཐེག་བྱས་ཏེ། དབང་སྐྱོན་མི་སྣའི་ནད་གསོའི་བྱ་བ་གཏིང་ཟབ་ངང་སྤེལ་བར་སྐུལ་འདེད་བཏང་། ཐེངས་འདིའི་དབང་སྐྱོན་མི་སྣའི་ནད་གསོའི་གྲལ་བཤེར་བྱ་བར་མང་ཚོགས་ཀྱི་གདེང་འཇོག་མཐོན་པོ་ཐོབ་ཅིང་། དབང་སྐྱོན་མི་སྣར་བརྩེ་སེམས་དང་དྲོད་ཁོལ་སྦྱིན་པའི་སྤྱི་ཚོགས་ཀྱི་མཁའ་དབུགས་ལེགས་པོ་ཞིག་བསྐྲུན།